དབྱིན་ཡུལ་ཡུ་རོབ་མཐུན་ཚོཊ་ནས་ཕྱིར་འབུད་པར་རྒྱབ་སྐྱོར་གནང་མཁན་ཞིག་ལ་སྲིད་བློན་གྱི་རྒྱལ་ཁ་ཐོབ།

དབྱིན་ཡུལ་གྱི་སྲིད་བློན་གསར་པ་བྷོ་རི་སི་ཇོན་སན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་རྒྱུ་ཡིན་པས་གོ་སྐབས་དམ་འཛིན་བྱ་རྒྱུ་ཡིན་སྐོར་གསུངས་འདུགཁ་སང་དབྱིན་ཡུལ་གྱི་རྙིང་ཞེན་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་པར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་བྷོ་རི་སི་ཇོན་སན་(boris johnson)ལགས་དང་། རྒྱལ་སྲིད་ལྷན་ཁང་གི་ཕྱི་འབྲེལ་དྲུང་ཆེ་དང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་པར་དགག་པ་རྒྱག་མཁན་གྲོས་ཚོགས་འཐུས་མི་ཇོར་མེ་ཧོན་ཊི་(Jeremy Hunt)ལགས་གཉིས་ལ་སྲིད་བློན་གྱི་འོས་ཤོག་བླུགས་པ་བརྒྱུད།

འོས་མི་ཇོར་མེ་ཧོན་ཊི་ལགས་སུ་འོས་གྲངས་ ༤༦༦༥༦ དང་བྷོ་རི་སི་ཇོན་སན་ལགས་སུ་འོས་གྲངས་ ༩༢༡༥༣ ཐོབ་སྟེ། མང་མོས་ཐོག་བྷོ་རི་སི་ཇོན་སན་ལགས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འདེམས་ཐོན་བྱུང་ཡོད་པ་ལྟར། བྷོ་རི་སི་ལགས་ཀྱིས་དེ་རིང་ནས་ལས་འཁུར་མགོ་འཛུགས་ཀྱིས་ལྷན་ཁང་ཁག་གི་ཕྱག་རོགས་བློན་ཆེན་རྣམས་བསྐོ་བཞག་གནང་བཞིན་ཡོད་འདུག

འོས་བསྡུར་རྒྱལ་ཁ་ཐོབ་རྗེས་བྷོ་རི་སི་ཇོན་སན་ལགས་ཀྱིས། ང་ཚོས་རྒྱལ་ཁབ་འདི་སྟོབས་ཤུགས་ཅན་ཞིག་ཏུ་བསྒྱུར་རྒྱུ་ཡིན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་རྒྱུ་ཡིན་པ་དང་། གོ་སྐབས་ཡོད་ཚད་དམ་འཛིན་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་དང་། སྐུ་ཞབས་བྷོ་རི་སི་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་གཙོས་ཁེ་ན་ཌ་དང་ཨེ་ཊི་ལི་སོགས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་མགོ་འཁྲིད་ཚོས་འཚམས་འདྲི་ཞུས་ཡོད་འདུག

དེ་ཡང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། བྷོ་རི་སི་ཇོན་སན་ལགས་དབྱིན་ཡུལ་གྱི་སྲིད་བློན་ཆགས་པར་འཚམས་འདྲི་ཞུ། ཁོང་གིས་མ་འོངས་པར་ལས་དོན་ཡག་པོ་བསྒྲུབ་ཀྱི་རེད། ཅེས་གསུངས་ཡོད་པ་དང་། ཁེ་ན་ཌའི་སྲིད་བློན་ཊིར་ཌིའོ་མཆོག་གིས། ངས་ཁྱེད་དང་ལྷན་དུ་ཚོང་འབྲེལ་དང་མི་མང་ལ་ལས་ཀ་ཇེ་མང་དུ་གཏོང་ཐབས་ཐོག་མཉམ་ལས་ཀྱིས། ཁེ་ན་ཌ་དང་དབྱིན་ཡུལ་གྱི་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་བའི་རེ་བ་ཡོད། ཅེས་གསུངས་འདུག དེ་བཞིན། ཨེ་རི་ལན་ཌའི་སྲིད་བློན་ལེའོ་ཝ་ར་ཌི་ཁར་(Leo Varadkhar)ལགས་ཀྱིས། ཁྱེད་ལ་གཞུང་འཛིན་སྲིད་དོན་ཚོགས་པའི་མགོ་འཁྲིད་ཀྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ། མ་འོངས་པར་ཨེ་རི་ལན་ཌ་དང་དབྱིན་ཡུལ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་དང་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་གྱི་ཐག་གཅོད་མགྱོགས་པོར་ལེན་ཐུབ་པའི་རེ་བ་ཡོད། ཅེས་གསུངས་ཡོད་འདུག

འོས་ཕམ་བྱུང་བའི་ཇོར་མེ་ཧོན་ཊི་ལགས་ཀྱིས། སྤྱིར་བཏང་འོས་འགྲན་ལས་ཕམ་པར་བློ་ཕམ་བྱུང་ནའང་། གཞུང་འཛིན་སྲིད་དོན་ཚོགས་པའི་འཐུས་མི་མང་པོ་ཞིག་གིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་པར་རྒྱབ་སྐྱོར་བྱེད་མཁན་གྱི་འོས་མིར་རྒྱབ་སྐྱོར་བྱས་པ་དེས། ཁོང་ཚོར་བྷིར་ཛིག་ཊི་(Brexit)དགོས་ཀྱི་ཡོད་པ་བསྟན་ཡོད་ལ། ང་ནི་དེ་མི་དགོས་ཟེར་མཁན་ཞིག་ཡིན། ངས་བསམ་ན་བྷོ་རི་སི་ལགས་ཀྱིས་ལས་ཀ་ཡག་པོ་བསྒྲུབ་ངེས་རེད། ཅེས་བརྗོད་འདུག

དབྱིན་ཡུལ་གྱི་སྲིད་བློན་གསར་པ་བྷོ་རི་སི་ལགས་ཀྱིས་ལྷན་ཁང་གི་བློན་ཆེན་གསར་འདེམས་ཁྲོད། ད་ལྟའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ཆེ་དང་ཁོའི་ཁ་གཏད་འོས་མི་ཇོར་མེ་ཧོན་ཊི་ལགས་ཀྱི་ལས་གནས་ཐད་བགྲོ་གླེང་སྣ་ཚོགས་ཡོང་གི་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཚོས་གལ་སྲིད་ཇོར་མེ་ཧོན་ཊི་ལགས་ལས་གནས་ནས་ཕྱིར་འབུད་གཏང་ཚེ། གཞུང་འཛིན་ཚོགས་པའི་འཐུས་མི་ནང་ཁུལ་མཐུན་སྒྲིལ་བྱེད་པར་གནོད་ཀྱི་ཡོད་པ་དང་། ཡང་རང་འཇགས་བཞག་ཚེ་ཁོའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་བཞིན་འདུག

སྐུ་ཞབས་བྷོ་རི་སི་ཇོན་སན་ལགས་ནི་ཕྱི་ལོ་ ༡༩༦༤ ལོར་ཨ་རིའི་ནང་གནས་སྡོད་དབྱིན་ཡུལ་ནས་ཡིན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༧༧ དང་ ༡༩༨༣ བཅས་ལ་དབྱིན་ཡུལ་གྱི་(Eton)མཐོ་སློབ་དང་ཨོ་ཁུ་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་(Oxford)སོགས་ནས་གནའ་བོའི་རྩོམ་རིག་དང་སྲོལ་རྒྱུན་ཚན་ཉིད་རིག་པའི་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༧ ནས་ ༡༩༩༤ བར་དབྱིན་ཇིའི་(The Daily Telegraph)དང་(The Times)ཞེས་པའི་གསར་ཁང་སོགས་ཀྱི་གསར་འགོད་པ་དང་ཆབ་སྲིད་དཔྱད་བརྗོད་པ་སོགས་བྱས། ཕྱི་ལོ་ ༢༠༠༡ ཆབ་སྲིད་ནང་ཞུགས་ཏེ། ད་སྔ་བར་དབྱིན་གཞུང་གི་ལས་གནས་སྣ་ཚོགས་ཐོག་སྲི་ཞུ་བསྒྲུབས་མྱོང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༢༥

Leave a Reply