ཨ་རིའི་ཕྱུག་བདག་ཆེན་མོ་ཞིག་གིས་བྱམས་བརྩེ་གོང་སྤེལ་ཆེད་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་སུ་གནང་།

ཕྱུག་བདག་ཆེན་མོ་ཌན་ནེ་སན་ཧྥོར་ཌི་ལགས་ཀྱིས་གཙུག་ལག་སློབ་ཆེན་ཞིག་ལ་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་སུ་གནང་སྟེ་ལེགས་སྐྱེས་དེ་༧གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་དགོངས་དེའི་ཆེད་དུ་ཕུལ་བ་ཡིན་ཞེས་བརྗོད་འདུགཨ་རིའི་ཕྱུག་བདག་ཆེན་མོ་ཌན་ནེ་སན་ཧྥོར་ཌི་ (Denny Sanford) ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་རྗེས། མིའི་རིགས་ཀྱི་བྱམས་དང་སྙིང་རྗེ་གོང་སྤེལ་དང་། ལྷག་པར་དུ་སྨན་པའི་རྒྱུད་ལ་བྱམས་སྙིང་རྗེ་གོང་སྤེལ་དུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་སྟེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་སེན་ཌེ་གྷོ་ (UC San Diego) གཙུག་ལག་སློབ་གྲྭ་ཆེན་མོར་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་སུ་གནང་འདུག

སེན་ཌེ་གྷོ་(San Diego)གསར་ཁང་ལ་ཕྱུག་བདག་ཆེན་མོ་ཌན་ནེ་སན་ཧྥོར་ཌི་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཟབ་ཅིང་ཡང་དག་པའི་ཚན་རིག་དང་ཆོས་ལུགས་གཉིས་ཟུང་འབྲེལ་གྱི་དགོངས་གཞི་དང་འབྲེལ་བའི་མཛད་པ་དང་། བཀའ་སློབ་ཀྱིས་ང་ལ་བློ་སྟོབས་བསྩལ་བྱུང་། ང་ལ་དྲིན་གཟོ་དང་འགྲོ་བ་མིའི་རང་གཤིས། བྱམས་བརྩེ་བཅས་ཀྱིས་འགྲོ་བ་མིའི་རིགས་དང་འཇིག་རྟེན་འདི་ཅི་ཙམ་བསྒྱུར་ཐུབ་པ་མཐོང་རྒྱུའི་གོ་སྐབས་ཐོབ་བྱུང་པས། ལེགས་སྐྱེས་འདི་ནི་ཁོང་གི་རླབས་ཆེན་གྱི་ཐུགས་དགོངས་དེའི་ཆེད་དུ་ཕུལ་བ་ཡིན། ཞེས་བརྗོད་འདུག

ཡང་ཁོང་གིས། སྨན་པ་རྣམས་ཀྱིས་འཛམ་གླིང་སྟེང་གི་སྙིང་རྗེ་ཆེས་མཁོ་བའི་ཡུལ་དེར་ཕྱག་ལས་གནང་གི་ཡོད་ནའང་། དེང་རབས་སྨན་རིགས་ཁྲོད་ཁོང་ཚོས་སྙིང་རྗེ་བརླག་གི་ཡོད་པ་རེད། དེ་བས་གལ་སྲིད་ང་ཚོས་རོགས་རམ་བྱས་ཏེ་སྨན་པའི་ཆེད་ལས་ནང་། ཁོང་ཚོས་སྙིང་རྗེ་ནི་ཚན་རིག་དང་རྙེད་དོན་ཁག་གཞི་རྩར་བཟུང་ནས་ལག་ལེན་དང་དར་སྤེལ་གཏོང་ཐུབ་ཚེ། འཛམ་གླིང་འདི་སྔར་ལྷག་བདེ་སྐྱིད་དང་བདེ་ཐང་ཅན་ཞིག་ཡིན་པ་རེད། ཅེས་བརྗོད་འདུག

གནས་ཚུལ་དེའི་སྐོར་ལ་སེན་ཌེ་གྷོ་ (UC San Diego) གཙུག་ལག་སློབ་གྲྭ་ཆེན་མོའི་འཕྲོད་བསྟེན་ཚན་རིག་པ་ཉེ་བའི་རིགས་བདག་ཆེན་མོ་ཌཱ་ཝེཌ་བྷད་ནར་(David Brenner) ལགས་ཀྱིས། ཌན་ནེ་སན་ཧྥོར་ཌི་ལགས་ཀྱི་ཡིད་ཆེས་ལ་འགྲོ་བ་མིའི་རིགས་སྔར་ལྷག་ཡར་རྒྱས་འགྲོ་རྒྱུ་ཡོད་པ་དང་། ཁོང་གིས་དེའི་ཐད་རོགས་རམ་གནང་འདོད་ཡོད་པ་རེད། དེ་ནི་ཁོང་གི་ཞལ་འདེབས་འདི་ལས་རྟོགས་ཐུབ་པ་ཞིག་རེད། ཅེས་དང་། ཐེངས་འདིའི་ཞལ་འདེབས་ནི་ཕྱུག་བདག་ཆེན་མོ་ཁོང་ཕྱི་ལོ་ ༢༠༡༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒེར་གྱི་མཇལ་ཁ་ཐོབ་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

འཕྲོད་བསྟེན་ཚན་རིག་པ་ཌེ་ཝིཌ་བྷར་ནར་  (David Brenner) ལགས་ཀྱིས་སྣེ་འཁྲིད་པའི་སེན་ཌེ་གྷོ་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་པ་དང་ཚན་རིག་པ་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ལོའི་ཕྱི་ཟླ་ ༥ ནང་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ནས་འགྲོ་བ་མིའི་དཀའ་ངལ་སེལ་ཐབས་སྐོར་ལམ་སྟོན་ཞུས་ཡོད་འདུག་ལ། ཌེ་ཝིཌ་བྷར་ནར་ལགས་ཀྱིས་སྐབས་དེར་༧གོང་ས་མཆོག་ནས་བྱམས་དང་སྙིང་རྗེ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་པ་ར་སྤྲོད་དགོས་པའི་ལམ་སྟོན་གནང་ཡོད་སྐོར་བརྗོད་འདུག

ཨ་རིའི་ཕྱུག་བདག་ཆེན་མོ་ཌན་ནེ་སན་ཧྥོར་ཌི་ (Denny Sanford) ལགས་ནི་ཕྱི་ལོ་ ༡༩༣༥ ལོར་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་ (Minnesota) ནང་སྐྱེས་ཤིང་། དགུང་ལོ་ ༤ སྟེང་ཨ་མ་ལགས་སྐྲན་ནད་ཀྱིས་འདས་གྲོངས་སུ་ཕྱིན་འདུག་ལ། དགུང་ལོ་ ༢༠ སྟེང་པ་ལགས་ཀྱང་གྲོངས་ཡོད་སྟབས། དགུང་ལོ་ ༨ ཡིན་སྐབས་ནས་ཚོང་ཁང་སོགས་ཀྱི་ནང་ལས་ཀ་བྱས་ཡོད་འདུག མཐོ་སློབ་སྐབས་སྨན་པ་ཞིག་བྱེད་འདོད་ཀྱིས་སྨན་སྦྱངས་ཡོད་ཀྱང་།  ཕྱིས་སུ་སེམས་ཁམས་རིག་པའི་ཐོག་སློབ་ཐོན་བྱུང་ཡོད་འདུག ད་ལྟ་ཁོང་ནི་ཨ་རིའི་དངུལ་ཁང་ (First Premier Bank) ཞེས་པ་དེའི་བདག་པོ་ཡིན་འདུག་ལ། ཕྱི་ལོ་ ༢༠༡༣ ལོར་སེན་ཌེ་གྷོ་གྲོང་ཁྱེར་གྱི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོར་ (National University System) ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་སུ་གནང་སྟེ། བྱིས་པའི་འཚོ་བའི་ནང་འཚེ་བ་དང་དབྱེ་འབྱེད། ཕན་ཚུན་ཐུབ་ཚོད་གཏོང་བ་སོགས་འགོག་ཐབས་ཀྱི་ལས་གཞི་སྤེལ་གནང་ཡོད་འདུག འདས་པའི་ལོ་ངོ་ ༡༢ ཙམ་གྱི་རིང་ཁོང་གིས་གྲོང་ཁྱེར་དེའི་ཁུལ་གྱི་གཙུག་ལག་སློབ་ཆེན་ཁག་ལ་ཁྱོན་ཨ་སྒོར་ས་ཡ་ ༤༥༩ ཙམ་ཞལ་འདེབས་སུ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༢༥

Leave a Reply

5 thoughts on “ཨ་རིའི་ཕྱུག་བདག་ཆེན་མོ་ཞིག་གིས་བྱམས་བརྩེ་གོང་སྤེལ་ཆེད་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་སུ་གནང་།