དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༧གོང་ས་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་བྷོ་རི་སི་ཇོན་སན་ལགས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ་བོད་དང་དབྱིན་ཡུལ་གྱི་མཛའ་འབྲེལ་ལོ་རྒྱུས་མུ་མཐུད་རྒྱུན་སྐྱོང་གནང་གི་ཡོད་སྐོར་གསུངས་འདུགདེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་བྷོ་རི་སི་ཇོན་སན་ལགས་སུ་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ། དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་རྒྱུའི་འོས་བསྡུའི་ཐག་གཅོད་ལ་གུས་བརྩི་གནང་གི་ཡོད་ཀྱང་། གཅིག་རྟེན་གྱི་འཛམ་གླིང་འདིའི་ནང་དབྱིན་ཡུལ་གྱི་ནུས་པ་མུ་མཐུད་རྒྱུན་སྐྱོང་ཡོང་བའི་ཐུགས་རེ་མཛད་འདུག

དེ་ཡང་༧གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་། ང་ཚོའི་དབྱིན་ཡུལ་གྱི་གྲོགས་པོ་ཚོས་བོད་མི་མང་གི་རང་དབང་དང་ཆེ་མཐོང་ལ་རྒྱབ་སྐྱོར་དང་འདོད་མོས་ཤུགས་ཆེན་བསྟན་གནང་བར་ངོས་ནས་རྗེས་སུ་ཡི་རང་ཞུ་ཡི་ཡོད། ཅེས་དང་། ལོ་རྒྱུས་ཐོག་གི་དབྱིན་ཡུལ་གྱི་ཁྱད་དུ་འཕགས་པའི་མཛའ་འབྲེལ་ལ་བོད་མི་ཚོས་ཡུན་རིང་ནས་དགའ་མོས་བྱས་ཡོད་པ་དང་། ང་ཚོས་ཕྱི་ལོ་ ༡༩༥༩ ལོ་གཙོ་བྱས་པའི་དུས་ད་ལྟའི་བར་བོད་ནང་བཏང་བའི་དབྱིན་གཞུང་གི་ལས་བྱེད་ཚོའི་ཁྱིམ་མི་ཚོ་དང་འབྲེལ་བ་གཏིང་ཟབ་བཟུང་བསྡད་ཡོད། ཅེས་གསུངས།

ཡང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་པའི་གནད་དོན་དེའི་ཐད་༧གོང་ས་མཆོག་གིས། ངོས་ནས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་པར་བསམ་ཚུལ་ཡོངས་གྲགས་བཟོས་ཡོད། ངོས་ནི་ཡུན་རིང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་མཁན་ཞིག་ཡིན། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་མཚོན་ན། དུས་རབས་མང་པོར་ཕན་ཚུན་འཐབ་འཛིང་བྱས་རྗེས། ཐུན་མོང་གི་ཁེ་ཕན་སླད་ཚང་མས་མཉམ་འབྲེལ་བྱེད་པའི་ཐག་གཅོད་བླངས་པ་རེད། ཡིན་ནའང་། ངོས་ནས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་ཐག་གཅོད་ལ་བསམ་ཤེས་དང་གུས་བརྩི་བྱེད་ཀྱི་ཡོད། ཅེས་གསུངས་འདུག

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འབྱུང་ལ་ཉེ་བའི་འགྱུར་ལྡོག་ལ་གྲུབ་འབྲས་ག་རེ་བྱུང་ནའང་། ང་ཚོའི་གཅིག་རྟེན་གྱི་འཛམ་གླིང་འདིའི་ནང་དབྱིན་ཡུལ་གྱི་ནུས་པ་འདོན་ཐུབ་པའི་གནས་བབ་མུ་མཐུད་རྒྱུན་སྐྱོང་ཡོང་བའི་ཐུགས་རེ་དང་བཅས་ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༢༥

Leave a Reply