གསང་བའི་རྟོག་ཞིབ་མ་ལག་ལ་བརྟེན་ནས་བོད་མི་འཛིན་བཟུང་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་བོད་མི་འདུས་སྡོད་ཀྱི་གྲོང་སྡེ་ཁག་ཏུ་ཁ་པར་ལ་སྦྲེལ་བའི་གསང་བའི་རྟོག་ཞིབ་མ་ལག་ཅིག་གསར་འཛུགས་བྱས་ཏེ་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་འདུགའདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་འོག ཕྱི་ལོ་༢༠༡༩ ཟླ་ ༣ ནས་བཟུང་མགོ་ལོག་དང་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་ ༡༥ ཙམ་གྱི་སྡེ་བ་དང་ཡུལ་ཚོའི་ལས་ཁུངས་ཁག་ཏུ་ཁ་པར་དང་སྦྲེལ་བའི་གསང་བའི་རྟོག་ཞིབ་མ་ལག་ཅིག་གསར་འཛུགས་བྱས་ཏེ། མི་སྒེར་སོ་སོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་དང་། སྒེར་གྱི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་མང་པོ་འཛིན་བཟུང་བྱས་པ་དང་། གསང་བའི་ལྟ་ཞིབ་དང་འབྲེལ་ཏེ་མི་མང་ལ་ཚོགས་འདུ་བསྡུས་ཏེ་འཇིགས་སྣང་སྐུལ་གྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མ་ལག་དེ་བརྒྱུད་ནས་མི་སྒེར་གྱི་ཁ་པར་ནང་དུ་པར་དང་བརྙན་ག་རེ་ཡོད་མེད་དང་། ཉིན་གཅིག་ནང་ག་བར་སོང་བ་སོགས་འགྲོ་འདུག་སྤྱོད་གསུམ་དང་། མི་སུ་ལ་ཐུག་པ་དང་སྐད་ཆ་ག་རེ་བཤད་ཡོད་མེད་སོགས་ཀྱང་ལྟ་ཞིབ་ཐུབ་ཀྱི་ཡོད་སྐོར་དང་། མ་ལག་དེ་འདྲ་སྔོན་ཆད་ཞིང་ཆེན་ཆབ་སྲིད་བདེ་འཇགས་ཁང་དང་རྫོང་ཉེན་རྟོག་ཁང་སོགས་ལ་ཡོད་ཀྱང་། ད་ལྟ་དངོས་སུ་གྲོང་སྡེ་ཁག་ཏུ་བཙུགས་ཡོད་པ་མ་ཟད། མ་ལག་དེར་ལྟ་རྟོག་བྱེད་མཁན་ལས་བྱེད་མི་སྣ་བསྐོ་བཞག་བྱས་ཏེ། ཉིན་རེ་རེའི་གནས་ཚུལ་བསྡུ་ཉར་བྱེད་ཀྱི་ཡོད་པ་མ་ཟད། ཆེད་བསྐོས་ལས་བྱེད་དེ་ཚོས་ཉིན་གཉིས་གསུམ་ནང་མི་མང་ལ་དེ་འབྲེལ་ཚོགས་འདུ་རེ་བསྡུས་ནས་སྤྱི་ཚོགས་དྲ་ལམ་དུ་པར་རིས་དང་གནས་ཚུལ་ཁྲིམས་འགལ་རིགས་སྤེལ་རྒྱུ་མེད་པ་དང་། གལ་ཏེ་སྤེལ་བ་ཡིན་ན་ཉེས་ཆད་ཕོག་རྒྱུ་ཡིན་པ་སོགས་བརྗོད་དེ་ཉེན་བརྡ་གཏོང་གི་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་དེས། མ་ལག་དེ་གསར་འཛུགས་བྱས་པ་ནས་བཟུང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་།  དེ་སྔོན་སོ་སོའི་ཁྱིམ་མི་དང་ངོ་ཤེས་སོགས་ཀྱིས་གང་དུ་སོང་ན་ཡང་བརྙན་དང་པར་མང་པོ་བསྐུར་ཡོང་གི་ཡོད་ཀྱང་། དེང་སང་རི་ཆུ་ནག་གསུམ་དང་སེམས་ཅན་སོགས་ཀྱི་པར་དང་བརྙན་ཐུང་གཏོང་བལའང་ཞེད་སྣང་ཡོང་གི་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གསུམ་ལ་མ་ལག་དེ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་མི་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་མེད་དྲིས་པར་ཁོང་ཚོས། གྲངས་ཚད་གསལ་པོ་ཤེས་ཀྱི་མི་འདུག་ཀྱང་། མ་ལག་དེ་གསར་འཛུགས་བྱས་པ་ནས་བཟུང་མགོ་ལོག་ཁུལ་ཐོག་ནས་ད་ལྟ་བར་བོད་མི་ ༢༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། ས་གནས་དང་རྫོང་ཚང་མ་རྩིས་པ་ཡིན་ན་བོད་མི་ ༧༠༠ ལྷག་གིས་ཀྱང་ཚད་ཀྱི་མེད་སྐོར་བརྗོད་བྱུང་།ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཡུལ་གང་སར་ནག་སེལ་ངན་འཇོམས་ཟེར་བར་ཁ་གཡར་ཏེ་ཆབ་སྲིད་དྲིལ་བསྒྲགས་ཀྱི་བྱ་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་པ་མ་ཟད།   བོད་མི་མང་པོ་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཀག་ཉར་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་དང་ནག་ཚོགས་ཀྱི་བྱ་སྤྱོད་སྤེལ་ཏེ་སྲིད་གཞུང་ལ་རྒྱབ་འགལ་བྱས་པ་སོགས་ཀྱི་ཉེས་མིང་བཏགས་ཏེ་བོད་མི་མང་པོར་ཁྲིམས་ཐག་གཅོད་ཀྱི་ཡོད་པ་དཔེར་ན། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རེབ་གོང་ཧོར་རྒྱ་སྡེ་བའི་དགེ་འདུན་བཟོད་པ་དང། ཆོས་བཟང་། བན་དེ་རྡོ་རྗེ། བཀྲིས་ཚེ་རིང། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། དེ་བཞིན་འབྲུག་འབུམ་ཚེ་རིང་བཅས་བོད་མི་ ༩ ལ་བཙན་སྐུལ་གྱིས་ཚོང་བརྗེ་བྱེད་དུ་བཅུག་པ་དང། ཧམ་འཕྲོག་གཡོ་ལེན་བྱས་པ། མི་མང་དཔུང་སྒྲིག་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བ་སོགས་ཀྱི་ཉེས་མིང་འོག་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་བཞིན་འདི་ལོའི་ཕྱི་ཟླ་༦ ཚེས་ ༧  ཉིན། རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་དུ་ནག་སེལ་ངན་འཇོམས་ཟེར་བར་ཁ་གཡར་ཏེ། དར་ལག་རྫོང་སྟག་ཐོག་ཡུལ་ཚོ་གཅིག་པུའི་ནང་ནས་བོད་མི་ ༡༣ འཛིན་བཟུང་བྱས་ཡོད་པ་དང་། མི་མང་ཁྲོད་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་སྐོར་བཀའ་རྒྱ་བསྒྲགས་ཏེ། སྲིད་གཞུང་གི་བོད་རིགས་ལས་བྱེད་ཚོས་ཕྲེང་བ་དང་སྲུང་མདུད་སོགས་འདོགས་མི་ཆོག་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོར་འབྲེལ་བ་བྱེད་མི་ཆོག་སྐོར་བརྗོད་ཡོད་པ་རེད།ད་ལྟའི་ཆར་བོད་ཡུལ་ཁྱོན་ཡོངས་ནས་ལས་འགུལ་དེའི་འོག་ནས་མི་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་མེད་གསལ་པོ་མེད་ཀྱང་། འདི་ལོར་རྒྱ་ནག་དབུས་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ ༡༨ པ་ཟེར་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ།  མཚོ་ཤར་གྲོང་ཁྱེར་བཅས་ཁུལ་དང་གྲོང་ཁྱེར་བདུན་ལྷག་གི་ནང་ནག་འཇོམས་ངན་སེལ་ལས་འགུལ་ག་འདྲ་སྤེལ་ཡོད་མེད་ཐད་རྟོག་ཞིབ་བྱས་ཏེ། ཕྱི་ཟླ་ ༦ ཚེས་ ༦ ཉིན་ཟི་ལིང་དུ་ཚོགས་འདུ་བསྡུས་ཏེ་གསལ་བསྒྲགས་བྱས་པ་ལྟར་ན། ནག་འཛོམས་ངན་སེལ་གྱི་“རྣོན་པོ་སྤུ་གྲི”་ཟེར་བ་སོགས་ཀྱི་འགུལ་སྤྱོད་འོག་མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་ནས་མི་གྲངས་  ༦༥༨ འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བར་དུ་དོགས་ཡོད་ཉེས་ཅན་ ༣༣༣ འཛིན་བཟུང་བྱེད་པར་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༧/༢༦

Leave a Reply