གྲོང་གསེབ་ ༡༣༢ ནང་ཟླ་གསུམ་རིང་བུ་ ༢༡༦ མ་གཏོགས་བུ་མོ་གཅིག་ཀྱང་མ་སྐྱེས་པ་རེད་དམ།

རྒྱ་གར་ཨུ་ཊར་ཁན་མངའ་སྡེའི་གཞུང་འབྲེལ་སྙན་ཐོ་ཞིག་གི་ནང་ཡུལ་དེའི་གྲོང་གསེབ་ ༡༣༢ ནང་ཟླ་གསུམ་རིང་བུ་ ༢༡༦ སྐྱེས་ཡོད་ཀྱང་བུ་མོ་གཅིག་ཀྱང་སྐྱེས་མེད་པ་དེ་ཕོ་མོ་དབྱེ་འབྱེད་ཀྱི་གནད་དོན་དང་འབྲེལ་བ་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༥ ཉིན་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཨུ་ཊར་ཁན་མངའ་སྡེའི་ (Uttarakhand) ཨུ་ཊར་ཁ་ཤིའི་(Uttarkashi)རྫོང་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་། འདི་ལོའི་ཕྱི་ཟླ་ ༤ ནས་ཟླ་ ༣ རིང་རྫོང་དེའི་ཁོངས་ཀྱི་གྲོང་གསེབ་ ༡༣༢ ནང་བྱིས་པ་ ༢༡༦ སྐྱེས་ཡོད་ནའང་། བུ་མོ་གཅིག་ཀྱང་སྐྱེས་མེད་སྐོར་གསལ་ཡོད་སྟབས། ཕོ་མོ་དབྱེ་འབྱེད་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོང་གི་ཡོད་པ་མ་ཟད། རྫོང་དེའི་གཞུང་འཛིན་པར་བསྐྱོན་བརྗོད་ཤུགས་ཆེན་ཡོང་གི་ཡོད་སྟབས།  ད་ལྟ་རྫོང་རིམ་པས་མི་གྲངས་ ༢༦ ལས་གྲུབ་པའི་ཚོགས་ཆུང་ཞིག་གྲོང་གསེབ་ཁག་ ༨༢ ལ་ཆེད་གཏོང་གིས། བྱིས་པ་སྐྱེས་ཚད་ཀྱི་སྙན་ཐོ་དང་འབྲེལ་ནས་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་ཀྱི་ཡོད་འདུག

གནས་ཚུལ་དེའི་ཐད། རྫོང་དེའི་རྫོང་དཔོན་ཨ་ཤེ་ཤི་ཅོ་ཧན་(Ashish Chauhan)གྱིས་འདས་པའི་ཟླ་ ༣ རིང་རྫོང་དེའི་གྲོང་གསེབ་གཞན་ ༡༢༩ ནང་བུ་མོ་གྲངས་ ༡༨༠ སྐྱེས་ཡོད་ནའང་། བུ་གཅིག་ཀྱང་སྐྱེས་མི་འདུག་པས་དེ་ནི་ཕོ་མོ་དབྱེ་འབྱེད་བྱས་པ་ཞིག་མིན་སྐོར་དང་། བྱིས་པ་སྐྱེས་ཚད་ཀྱི་གྲངས་ཐོ་ལ་གསལ་ཁ་མ་བྱུང་གོང་དུ་གསར་ཁང་ཁག་ནས་སྙན་ཐོ་དེར་འགྲེལ་ལོག་བྱས་པ་ཞིག་ཡིན་པས། མི་འགྱངས་བར་རྫོང་རིམ་པའི་བསྐྱར་ཞིབ་སྙན་ཐོ་ཞིག་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་རྫོང་དེའི་སྤྱི་ཁྱབ་སྨན་པའི་འགན་འཛིན་ཊེ་པེ་ཇོ་ཤི་(DP Joshi)ཡིས་བྱིས་པ་སྐྱེས་ཚད་ཀྱི་གྲངས་ཐོའི་དབྱེ་ཞིབ་ལ་ནོར་འཁྲུལ་བྱུང་ཡོད་པ་དང་། དེ་ནི་འཛིན་སྐྱོང་གི་ཕྱོགས་ནས་ནོར་ཡོད་པས་གནད་དོན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། སྤྱིར་རྫོང་དེའི་ནང་ཆ་སྙོམས་ཀྱིས་ཕོ་ ༡༠༠༠ ལ་མོ་ ༡༠༢༤ རེ་ཡོད་པ་དང་། དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཕོ་ ༡༠༠༠ ལ་མོ་ ༩༩༣ ལས་མེད་པ་ལས་མཐོ་བ་ཡོད་སྐོར་བརྗོད་ཡོད་པ་དང་། གནས་ཚུལ་དབྱེ་ཞིབ་པས་རྫོང་དེའི་ནང་བུ་མོ་ལས་བུ་སྐྱེས་པར་དགའ་མོས་བྱེད་ཀྱི་ཡོད་པ་དང་། བུ་མོ་རྣམས་མངལ་ནས་འདེད་ཀྱི་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་ཁ་ཤས་ཀྱིས་རྫོང་དེ་ནི་རི་ཁུལ་ཞིག་ཏུ་ཡོད་པས་མི་འབོར་ཁ་འཐོར་དུ་གནས་ཡོད་པ་དང་གྲོང་གསེབ་རེ་འགར་དུད་ཁྱིམ་ ༡༠ ནས་ ༡༥ ཙམ་ལས་མེད་སྟབས། དུས་ཡུན་ཟླ་ ༣ རིང་གྲོང་གསེབ་གཅིག་ལ་བྱིས་པ་ ༡ རེ་ལས་མ་སྐྱེས་པས་ཡིན་པ་དང་། ཡང་ཁ་ཤས་ཀྱིས་གཞུང་འཛིན་པས་སྙན་ཐོ་དེའི་ཐད་འཐུས་ཤོར་བཏང་ཡོད་པར་བརྟེན། རྒྱལ་ཡོངས་སུ་རྫོང་གི་མཚན་སྙན་ལ་གནོད་སྐྱོན་བཟོས་ཡོད་སྐོར་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་འདུག

རྒྱ་གར་གྱི་ཧིན་རྡུའི་དུས་བབ་གསར་ཁང་གིས་རྫོང་དེའི་གཞུང་སྨན་ཁང་གཉིས་དང་སྤྲུམ་མ་ཁག་ཅིག་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། པོ་རུ་ལཱ་(Purola)གཞུང་སྨན་ཁང་ནང་འདས་ལོའི་ཕྱི་ཟླ་ ༤ ནས་འདི་ལོའི་ཕྱི་ཟླ་ ༣ བར་དུ་གསར་སྐྱེས་བུ་ ༢༢༦ དང་བུ་མོ་ ༢༢༤ བྱུང་ཡོད་འདུག་ལ། དེ་བཞིན་ནའོ་གྷོན་(Naugaon)གཞུང་སྨན་ཁང་ནང་འདི་ལོའི་ལོ་མགོ་ནས་ཕྱི་ཟླ་ ༦ ནང་བར་བྱིས་པ་བུ་ ༨༨ དང་བུ་མོ་ ༡༢༢ གསར་དུ་སྐྱེས་པ་ཐོ་འགོད་བྱས་ཡོད་འདུག སྤྲུམ་མ་ཁག་ཅིག་གིས་སྨན་ཁང་ནང་མངལ་ནས་བྱིས་པ་རྩ་བ་ནས་འདེད་ཀྱི་མེད་པ་དང་། བྱིས་པ་ཕོ་མོ་གང་ཡིན་ལ་དབྱེ་བ་མེད་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༢༦

Leave a Reply