མི་མང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་བསམ་ཚུལ་ག་རེ་ཞུས་སོང་།

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༥ ནས་ཉིན་གྲངས་ ༢༢ རིང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་ཁག་ ༥ དང་། ཕྱི་ཟླ་ ༦ ཚེས་ ༡༤ ནས་ཉིན་ ༡༦ ཙམ་རིང་ཡུ་རོབ་ཀྱི་ཧྥ་རན་སི་དང་སུད་སི། དེ་བཞིན་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་དང་ཨ་རིའི་ནེའུ་ཡོག་སོགས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁག་དང་། སྒྲིག་གཞི་དང་འབྲེལ་ནས་གོ་རྟོགས་དང་ལམ་སྟོན། མང་ཚོགས་ལ་གསལ་བཤད་ཆེད་ཕྱོགས་ཕེབས་གནང་ཡོད་སྟབས། འདི་གའི་གསར་འགོད་པས་ཕྱོགས་ཕེབས་སྐབས་མི་མང་གིས་བསམ་ཚུལ་ག་རེ་ཞུས་ཡོད་པ་དང་། ད་ལྟའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དགོས་པ་ག་རེ་གཟིགས་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།གཅིག སྐུ་ཉིད་ད་ལན་རྒྱ་གར་ལྷོ་ཕྱོགས་གཙོ་བོར་གྱུར་བའི་ཨ་རི་དང་ཡུ་རོབ་སོགས་ཀྱི་རྒྱལ་ཁབ་ཁག་ཅིག་ནང་ཕྱོགས་ཕེབས་གནང་བའི་དགོས་དམིགས་གཙོ་བོ་ག་རེ་ཡིན་ནམ།

ལན། ཐེངས་འདིའི་ཕྱོགས་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་སྒྲིག་གཞི་བསྐྱར་བཅོས་རེད། རང་ཉིད་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ནང་ཡོད་པ་དང་། དེ་སྔོན་འོས་བསྡུའི་ལས་དོན་བྱས་པའི་ཉམས་མྱོང་སོགས་ཀྱིས་རྒྱུས་ཡོད་ཆེ་ཤོས་དེ་ང་ཆགས་ཀྱི་ཡོད་སྟབས། མང་ཚོགས་དང་ས་གནས་འོས་བསྡུའི་ཚོགས་ཆུང་སོགས་ལ་ངས་གང་ཤེས་པ་དེ་ཚོ་འགྲེལ་བཤད་ཅིག་བྱ་རྒྱུ་ནི་སྐབས་བབ་ཀྱི་ལས་འགན་ཆགས་ཡོད་པ་རེད། ཕྱོགས་གཉིས་ནས་དེ་སྔ་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་བསྡུ་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་རྐང་འགན་འཁུར་མཁན་གཙོ་བོ་ནི་ང་དང་ངའི་ལས་རོགས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཆགས་ཡོད་སྟབས། འོས་བསྡུའི་ལས་དོན་དེ་ཚོ་ཚགས་ཚུད་པོ་དང་ཡག་ཐག་ཆོད་བྱུང་སོང་། གང་ཡིན་ཟེར་ན་འོས་བསྡུའི་སྐབས་གཙོ་ཆེ་ཤོས་དེ་འོས་ཤོག་འཕེན་མཁན་གྱི་མི་གྲངས་མང་པོ་ཡོང་རྒྱུ་དེ་གནད་དོན་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། དེ་ནི་དེ་སྔ་དང་མ་འདྲ་བར་འོས་འཕེན་མཁན་གྱི་གྲངས་བརྒྱ་ཆའི་ ༦༥ ལྷག་བརྒལ་ཡོད་པ་རེད། སྤྱིར་འོས་ཤོག་དངོས་སུ་ལྡུག་དུས་དཀའ་རྙོག་མང་པོ་ཞིག་ཡོང་གི་ཡོད་པ་རེད། སྐབས་དེར་གནད་དོན་ཆུང་ཙག་རིགས་བྱུང་ཡོད་ན་མ་གཏོགས་ཆེ་ཁག་བྱུང་ཡོད་པ་མ་རེད། གཞན་འོས་གྲངས་ཞིབ་བཤེར་བྱེད་སྐབས་དཀའ་རྙོག་མང་པོ་ཞིག་བྱུང་གི་ཡོད་རེད། འོན་ཀྱང་རྙོག་དྲ་གང་ཡང་ལྷག་ཡོད་པ་མ་རེད། དེ་བས་འོས་བསྡུའི་ལས་དོན་དེ་ཚོ་ཚགས་ཚུད་ཡོང་བར་མི་མང་གི་མཐུན་འགྱུར་དང་། ས་གནས་ཀྱི་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་རོགས། ཚོགས་མི་དང་གཟུ་དཔུང་རྣམ་པ་ཚང་མའི་མཐུན་འགྱུར་ལ་བརྟེན་ནས་འོས་བསྡུའི་ལས་དོན་དེ་ཚོ་ཚགས་ཚུད་དང་ཡག་པོ་བྱུང་བར་མང་ཚོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་ཆེད་བཅས་གནད་དོན་གཉིས་ཀྱི་ཐད་ཕྱིན་པ་རེད།

གཉིས།  མི་མང་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་བསམ་ཚུལ་གཙོ་བོ་ག་རེ་བྱུང་སོང་།

ལན། སྤྱིར་སྒྲིག་གཞི་བསྐྱར་བཅོས་ཀྱི་ནང་དབུས་འོས་བསྡུ་ལས་ཁང་གིས་བྱེད་དགོས་པ་དང་ས་གནས་འོས་བསྡུ་ལས་ཁང་ནས་བྱེད་དགོས་པ་སོགས་གནད་དོན་ཁ་ཤས་ཡོད་པ་རེད། ཕྱོགས་སྐྱོད་རིང་ངས་མང་ཚོགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་སྒྲིག་གཞི་བསྐྱར་བཅོས་དེ་ཚོ་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད། མང་ཚོགས་ངོས་ནས་ཐུགས་སྣང་ཆེན་པོ་གནང་གི་འདུག སྒྲིག་གཞི་ལ་འགྱུར་བ་དང་བསྐྱར་བཅོས་བྱུང་ཡོད་སྟབས་མི་མང་ངོས་ནས་ལམ་སང་བློ་ལ་ངེས་པོ་ཞིག་དང་། མགོ་ཚོས་པོ་ཞིག་ཡོང་བར་ཞེ་དྲག་ཁག་པོ་རེད་བསམ་གྱི་འདུག མ་འོངས་ ༢༠༢༠ ནས་ ༢༠༢༡ ཀྱི་འོས་བསྡུའི་སྐབས་སུ་སྔོན་ཚོད་ནས་དབུས་འོས་བསྡུ་ལས་ཁང་ནས་ཛ་དྲག་ལམ་སྟོན་གནང་གི་ཡོད་ནའང་། ད་ལྟའི་མང་ཚོགས་ཀྱི་ཐུགས་གནང་གནང་སྟངས་ལ་བལྟས་ན་མང་ཚོགས་ལ་ཐུགས་འཁུར་ཡག་ཐག་ཆོད་ཅིག་འདུག ཡིན་ནའང་། མང་ཚོགས་ནང་དོགས་འདྲི་བྱེད་སྐབས་དགོངས་འཆར་ཕེབས་ཡོང་གི་འདུག དཔེར་ན་སྒྲིག་གཞི་བསྐྱར་བཅོས་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལ་འོས་འདྲ་མཉམ་བྱུང་ན་ཚོགས་གཙོ་རེས་མོས་བྱེད་པའི་སྒྲིག་གཞི་གཏན་འབེབ་བྱས་ཡོད་པ་རེད། རེས་མོས་བྱེད་པའི་ལམ་ལུགས་དེ་མེད་པར་བཟོ་དགོས་པ་དང་། འོས་བསྡུའི་ཆེད་དུ་མིང་གཞུང་ཐོ་འགོད་དེ་དཔྱ་ཁྲལ་ལག་དེབ་སྟེང་མིན་པར་ཟུར་དུ་འོས་བསྡུའི་མིང་གཞུང་དེབ་སྐྱེལ་ལག་དེབ་ལྟ་བུ་ཞིག་ཡོད་ན་ཡག་པོ་ཡོད་པ། གྲྭ་བཙུན་རྣམས་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དང་མི་སྐྱ་རྣམས་ལ་གཅིག་ལས་མེད་པས། དམངས་གཙོའི་ལུགས་དང་མཐུན་གྱི་མེད་པ་དང་འོས་ཤོག་གཅིག་མཚུངས་བཟོ་དགོས་ཀྱི་ཡོད་པ་སོགས་སྒྲིག་གཞིའི་ནང་ཡོད་པ་དེ་ཚོ་མེད་པར་བཟོ་དགོས་པའི་བསམ་ཚུལ་ཁག་ཅིག་བྱུང་སོང་། དེ་བཞིན་སྲིད་སྐྱོང་གི་འོས་ཆོས་འགྲེལ་བཤད་རྒྱག་དུས་སྲིད་སྐྱོང་གི་འོས་ཆོས་ནང་ཤེས་ཡོན་གྱི་ཚད་གཞི་མེད་སྟབས་དེ་དགོས་ཀྱི་ཡོད་པ་དང་། སྲིད་སྐྱོང་དང་བཀའ་བློན་ལ་ལས་ཡུན་གྱི་ཚད་བཟོས་ཡོད་ནའང་། སྤྱི་འཐུས་ལ་ལས་ཡུན་གྱི་ཚད་མེད་པས་སྤྱི་འཐུས་ལའང་དགོས་པ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་མིའི་མི་འབོར་ཆེ་རུ་ཕྱིན་པར་བརྟེན། མི་འབོར་ལ་གཞིགས་ནས་ཕྱི་རྒྱལ་གྱི་ས་གནས་སྤྱི་འཐུས་ལ་སྤར་ཆ་བྱུང་ན་ཡག་པོ་འདུག་པའི་དགོངས་ཚུལ་གསུང་གི་འདུག

ཡང་མང་པོ་ཞིག་གིས་འབོད་སྐུལ་བྱེད་ཀྱི་འདུག ཁོང་ཚོས་ད་ལྟ་ཁྱེད་ཀྱིས་འགྲེལ་བཤད་རྒྱག་དུས་ཚང་མ་མཐུན་པོ་དང་འཆམ་པོ་བྱས་ནས་འོས་བསྡུ་ཡག་པོ་བྱུང་འདུག དེ་ཚོ་ཏན་ཏན་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་འོས་བསྡུའི་རྐྱེན་བྱས་ནས་མ་མཐུན་པ་དང་མ་འཆམ་པ་དེ་འདྲ་ཡོང་གི་འདུག་གཱ མ་འོངས་པར་དེ་འདྲ་མ་ཡོང་བར་ག་རེ་ཡིན་ནའང་གནང་དགོས་ཀྱི་རེད་ལ། གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་འདུག་པ་དང་། མང་ཚོགས་ནང་གཙོ་ཆེ་ཤོས་ང་ཚོའི་ནང་འཆམ་པོ་དང་མཐུན་པོ་དགོས་པ་དང་། བོད་མིའི་མཐུན་སྒྲིལ་ལ་གནོད་པ་དག་ལ་གདོང་ལེན་བྱེད་དགོས་པའི་བསམ་ཚུལ་ཡོང་གི་འདུག

གསུམ།  གོང་དུ་མཐུན་སྒྲིལ་དང་འབྲེལ་ནས་མི་མང་ནང་བསམ་ཚུལ་བསླེབས་འདུག་པ་དང་། དེ་འདས་པའི་ལོ་ཤས་རིང་གི་འོས་བསྡུ་དང་འབྲེལ་བའི་གླེང་གཞི་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་པ་རེད། འོས་བསྡུ་ལས་ཁང་ངོས་ནས་གནད་དོན་དེའི་ཐད་ཐབས་ལམ་ག་རེ་ཡོད་པ་རེད།

ལན། དེ་སྔ་འོས་བསྡུའི་སྐབས་སུ་མ་འཆམ་པ་དང་མ་མཐུན་སོགས་ཀྱི་དཀའ་རྙོག་གང་ཡང་བྱུང་ཡོད་པ་མ་རེད། དེ་བས་ངས་གོང་དུ་ཞུས་པ་བཞིན་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་དེ་རེད། དེའི་རིགས་དེ་གང་ནས་ཡོང་གི་ཡོད་པ་དང་གང་འདྲ་ཡིན་པ་མང་ཚོགས་ངོས་ནས་བརྟག་དཔྱད་དང་དོ་དོ་ཏན་ཏན་ཞིག་གནང་དགོས་པ་རེད། མི་གཞན་གྱིས་ལབ་ཀྱི་འདུག་ཟེར་ནས་དེའི་རྗེས་ལ་འགྲོ་བ་དེ་ཚོའི་སྐྱོན་གནད་མིན་ནམ་བསམ་པ་ཞིག་འདུག སོ་སོ་རང་ནས་དངོས་ཡོད་ཀྱི་བརྟག་དཔྱད་གནང་ནས་གནད་དོན་དེ་ཚོ་ར་འཕྲོད་པ་ཡིན་ན། དེ་གཞིར་བཟུང་གིས་སོ་སོས་སྐད་ཆ་བཤད་སྟངས་དང་ཐག་གཅོད་བྱེད་སྟངས་དེ་བྱེད་ཐུབ་པ་ཞིག་རེད། ད་ལྟའི་ཆར་ང་ཚོ་མང་ཆེ་བར་སྐྱོན་གནད་དེ་སོ་སོའི་ངོས་ནས་བརྟག་དཔྱད་མཐིལ་ཕྱིན་པ་མ་བྱས་པར་གཞན་གྱིས་ཟེར་གྱི་འདུག་ལབ་ནས་འགྲོ་ཡི་འདུག ལྷག་པར་དུ་ད་ལྟའི་དུས་འདིར་སྤྱི་ཚོགས་དྲ་ལམ་ཁག་དཔེ་མི་སྲིད་པའི་ཤུགས་ཆེན་པོ་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་ནང་དེ་བེད་སྤྱོད་ཡག་པོ་གཏོང་མ་ཐུབ་པར་ལོག་པར་ཕྱིན་པའི་སྐྱོན་གནད་ཐོག་ནས་ཕྲན་བུ་འགྲིག་དང་མ་འགྲིག་གི་གནད་དོན་ཞིག་ཡོང་གི་མེད་དམ་བསམ་གྱི་འདུག མ་འོངས་པར་འོས་བསྡུའི་ལས་དོན་དང་འབྲེལ་བའི་གནད་དོན་སྐབས་སོ་སོ་རང་ནས་བརྟག་དཔྱད་གནང་སྟེ་ཐག་ཆོད་པོ་དང་གདེང་ཚོད་ཆེན་པོའི་ངང་ཐག་གཅོད་བྱེད་དགོས་པ་རེད་མ་གཏོགས། མི་གཞན་གྱིས་བཤད་ཀྱི་འདུག་ལབ་ནས་འགྲོ་བ་དེ་ནོར་བ་རེད་བསམ་གྱི་འདུག མ་འོངས་པར་དེར་གཟབ་དགོས་འདུག་པ་མང་ཚོགས་ལ་འགྲེལ་བཤད་བྱེད་འདོད་བྱུང་།

བཞི། འདས་པའི་འོས་བསྡུ་རིམ་པའི་ཉམས་མྱོང་གཞིར་བཟུང་མི་མང་ངོས་ནས་འོས་བསྡུ་ལས་ཁང་ལ་རེ་བ་ག་རེ་ཞུ་ཡི་འདུག

ལན། མང་ཚོགས་ངོས་ནས་འོས་བསྡུའི་ལས་དོན་དེ་ཚོ་ཚགས་ཚུད་པོ་བྱེད་པའི་རེ་བ་གནང་གི་ཡོད་པ་རེད། འོས་བསྡུ་ལས་ཁང་ངོས་ནས་ཀྱང་ཕྱག་ལས་གནང་ཕྱོགས་དེ་ཚོ་གཙོ་བོ་བཅའ་ཁྲིམས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བ་ཞིག་གནང་དགོས་པ་རེད། དེ་སྔ་ཡིན་ནའང་སྒྲིག་གཞིའི་ནང་ཡོད་པ་གཞིར་བཟུང་ཐོག་གནང་པ་ལ་བརྟེན་ཚགས་ཚུད་པོ་དང་རྙོག་དྲ་གང་ཡང་བྱུང་མེད་པ་རེད། ཡིན་ནའང་མང་ཚོགས་ལ་གོ་རྟོགས་ཏག་ཏག་ཞིག་མེད་སྟབས། མང་ཚོགས་ངོས་ནས་ག་རེ་ཡིན་ནའང་གསུང་མི་ཆོག་པ་དེ་འདྲ་མ་རེད་དེ། མང་ཚོགས་ངོས་ནས་གསུངས་པ་དེ་ཚོ་དངོས་ར་འཕྲོད་པའི་ཐོག་ནས་ཞུ་གཏུག་དགོས་པ་རེད། དེ་མ་བྱུང་བར་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་སྒྲིག་གཞི་སོགས་ལ་གང་ཡང་མ་བལྟས་པར། སོ་སོའི་འདོད་པ་ཡོད་ཚད་བཤད་པ་ཡིན་ན་དེས་ཐུགས་ཕན་གང་ཡང་གསོ་ཡི་ཡོད་པ་མ་རེད། དེ་སྔ་ཡིན་ནའང་འོས་བསྡུ་ལས་ཁང་ལ་སྐྱོན་བརྗོད་སོགས་ཀྱི་གནད་དོན་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཞུ་འོས་པ་དེ་ཚོར་འགྲེལ་བཤད་ཞུ་ཡི་ཡོད་པ་རེད། མང་པོ་ཞིག་ལ་ནི་ངོ་རྒོལ་གྱི་རྣམ་པ་ལྟ་བུ་ཡིན་དུས་སོ་སོའི་འདོད་པ་ཁེངས་པའི་ཆེད་དུ་ཞུ་གཏུག་བྱས་པ་ཡིན་ན་དེའི་ཆེད་དུ་ལན་འདེབས་ཀྱང་གང་ཡང་གནང་གི་ཡོད་པ་མ་རེད། དེ་བས་མང་ཚོགས་ཀྱིས་འོས་བསྡུ་ལས་ཁང་གི་ཕྱག་ལས་གནང་ཕྱོགས་ཐད་དྲང་བདེན་དང་ཁྲིམས་སྒྲིག་དང་མཐུན་པ་ཞིག་གནང་བའི་རེ་བ་ཏན་ཏན་གནང་གི་ཡོད་པ་རེད། དེ་གཞིར་བཟུང་འོས་བསྡུ་ལས་ཁང་ནས་ཀྱང་བཅའ་ཁྲིམས་གཙོ་བོར་བཟུང་བའི་སྒྲིག་གཞི་དེ་ཚོར་མ་འགལ་བ་ཞིག་དེ་སྔའི་ཕྱག་ལས་གནང་མཁན་ཚོ་དང་རང་ཉིད་ངོས་ནས་ཀྱང་དེ་ལྟར་བྱས་ཡོད་ལ། མ་འོངས་པར་སུ་ཕེབས་པ་ཡིན་ནའང་དེ་ལྟར་གནང་གི་རེད་བསམ་པའི་ཡིད་ཆེས་བརྒྱ་ཆའི་བརྒྱ་ཐམ་པ་ཡོད།

ལྔ། མི་མང་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་གོ་རྟོགས་ཅི་ཙམ་འདུག

ལན། དྲང་པོ་ཞུས་པ་ཡིན་ན། ད་ལྟའི་ཆ་ལ་མར་འགྲེལ་བཤད་རྒྱག་དུས་ཤུགས་ཆེ་བས་སྒྲིག་གཞི་བསྐྱར་བཅོས་ཁོ་ནའི་སྒང་དྲི་བ་དང་དོགས་འདྲི་བྱེད་མཁན་ཞེ་དྲགས་མེད་པའི་བཟོ་འདྲ་བོ་འདུག མ་གཞི་ནས་ཆུ་ཚོད་ ༢ ཙམ་ནང་འགྲེལ་བཤད་བརྒྱབ་ནས་གོ་རྟོགས་ཞེ་དྲགས་ཡོང་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཡིན་ནའང་། སྒྲིག་གཞི་དེ་འདྲ་ཞིག་ཡོད་པ་དང་། དེ་འདྲ་ཞིག་ལ་འགྱུར་བ་ཕྱིན་ཡོད་པ་ཤེས་ཐུབ་ཡོད་པ་རེད། མ་འོངས་པར་འདི་ལྟར་འགྲོ་ཐུབ་ན། དོ་སྣང་ཤུགས་ཆེན་པོ་བསླེབ་རྒྱུའི་དགེ་མཚན་འདུག ཡིན་ནའང་ད་ལྟ་མི་ཕལ་ཆེ་བར་གོ་རྟོགས་ལས་ཁོང་རང་ཚོས་ཡག་པོ་བྱེད་དགོས་པ་དང་། མ་འོངས་པར་འཆམ་མཐུན་བྱེད་དགོས་པ། ད་ལྟའི་ང་ཚོའི་སྤྱི་ཚོགས་འདི་ཏག་ཏག་འགྲིག་མེད་པའི་སེམས་འཚབ་ཡོད་པའི་བཟོ་འདྲ་པོ་འདུག ཡིན་ནའང་ང་ཚོའི་སྒྲིག་གཞི་དང་སྒྲིག་གཞི་བསྐྱར་བཅོས་ཕྱིན་པ་ཁག་ལ་ཐུགས་སྣང་ཞེ་དྲགས་གནང་གི་འདུག ཡང་མཚམས་རེར་དེ་སྔ་དེ་འདྲ་བྱུང་སོང་ཞེས་སོ་སོའི་མཐུན་དང་མི་མཐུན་གྱི་གནས་ཚུལ་བཤད་དེ། གང་ལྟར་ཁོང་ཚོར་ཆབ་སྲིད་ཐད་ནས་གོ་རྟོགས་གང་འཚམ་ཡོད་པའི་ཚོར་སྣང་བྱུང་སོང་།

དྲུག ཐེངས་འདིའི་ཕྱོགས་ཕེབས་སྐབས་མི་མང་གི་བསམ་ཚུལ་མང་པོ་སྤུངས་ཡོད་པ་དེ་ཚོ་མ་འོངས་པར་ག་རེ་གནང་རྒྱུ་རེད།

ལན། བསམ་ཚུལ་ཡོད་བསྡད་པ་དེ་ཚོ་ངའི་ངོས་ནས་མ་འོངས་པར་འོས་བསྡུ་ལས་ཁང་གི་འགན་འཛིན་གསར་པ་སུ་ཕེབས་པ་ཡིན་ན་ཡང་། ཁོང་ལ་ང་ཕྱོགས་སྐྱོད་ལ་འགྲོ་སྐབས་གནས་སྟངས་དེ་འདྲ་ཡོང་གི་འདུག་ཅེས་འགྲེལ་བཤད་ཞུ་རྒྱུ་རེད། འགྲེལ་བཤད་ཞུས་པ་དེས་མ་འོངས་པར་སྒྲིག་གཞི་དང་འབྲེལ་བའི་བསྐྱར་བཅོས་གནང་རྒྱུའི་དགོངས་བཞེས་འདྲ་ཡོད་པ་ཡིན་ན། དེ་དུས་བསམ་ཚུལ་དེ་ཚོ་གསུང་པ་ཡིན་ན་ཐུགས་ཕན་གསོ་ཡི་རེད། སྤྱིར་སྒྲིག་གཞི་བསྐྱར་བཅོས་དང་དེ་འདྲའི་ཐོག་ལ་ཡིན་ན་མང་ཚོགས་ནས་བསམ་ཚུལ་ག་རེ་ཡིན་ནའང་ཡར་བསྡུ་གནང་གི་ཡོད་པ་རེད། དེ་སྔ་ཡིན་ན་ཡང་སྒྲིག་གཞི་བསྐྱར་བཅོས་གནང་བའི་སྐབས་མང་ཚོགས་ཀྱི་བསམ་ཚུལ་ཆ་ཚང་ཞིག་བསྡུས་གནང་འདུག དཔེ་མཚོན་ཆུང་ཆུང་གཅིག་ཞུས་ན། མང་པོ་ཞིག་གིས་སྔོན་འགྲོ་དང་དངོས་གཞིའི་བར་ལ་དུས་ཚོད་རིང་པོ་ཆགས་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལ་ལབ་གླེང་མང་པོ་ཡོང་གི་འདུག་ཅེས་གསུང་གི་ཡོད་པ་རེད། སྤྱིར་ང་རང་དོ་བདག་ངོས་ནས་དུས་ཚོད་རིང་པོ་བཞག་ན་རྙོག་དྲ་ཡོང་རྒྱུ་དང་། དུས་ཚོད་ཐུང་ཐུང་བཞག་ན་རྙོག་དྲ་མི་ཡོང་བའི་གདེང་ཚོད་གང་ཡང་ཡོད་པ་མ་རེད། རྙོག་དྲ་ཟེར་རྒྱུ་དེ་དུས་ཚོད་ཐུང་ཐུང་ལ་ཡང་ཡོང་མི་སྲིད་པ་ཞིག་མ་རེད། ཡིན་ན་ཡང་མང་ཚོགས་ནང་དགོངས་ཚུལ་དེ་འདོན་མཁན་མང་པོ་ཡོད་དུས། སྒྲིག་གཞི་བསྐྱར་བཅོས་ནང་ལའང་གང་ལྟར་སྔོན་འགྲོ་དང་དངོས་གཞི་བར་ལ་དེ་སྔོན་ཡིན་ན་ཟླ་བ་ ༥ ཙམ་འགོར་གྱི་ཡོད་ཀྱང་། ད་ལྟའི་ཆར་ཟླ་བ་ ༣ ལ་བསྐྱར་བཅོས་གནང་ཡོད་པ་རེད། ཟླ་བ་ ༥ ཙམ་འགོར་དགོས་པ་དེ་ཡང་སྒྲིག་གཞིའི་དགོངས་དོན་ནང་དུས་ཀྱི་ཚད་བཀག་ཡོད་པས་རེད། དེ་ཡིན་དུས་སྒྲིག་གཞིའི་ནང་ལ་དུས་བཀག་ཡོད་པ་དེ་ཚོ་ཉུང་དུ་བཏང་ནས་དེ་སྔ་ཟླ་ ༥ འགོར་ས་དེ་ད་ལྟ་ཟླ་བ་ ༣ ཙམ་འགོར་རྒྱུ་བཟོས་པ་རེད། དེར་བརྟེན་ཕྱོགས་སྐྱོད་སྐབས་ཀྱི་བསམ་ཚུལ་ཡིན་ན་ཡང་འདྲ། གང་ལྟར་སྒྲིག་གཞི་བསྐྱར་བཅོས་བྱེད་སྐབས་མང་ཚོགས་ནས་བསམ་ཚུལ་བསྡུ་ཡི་ཡོད་པ་རེད། ད་ལྟ་ང་ལ་གང་བྱུང་བ་དེ་དག་ཚིག་ཐོ་བརྒྱབས་ཏེ་རྗེས་མར་འོས་བསྡུ་ལས་ཁང་གི་འགན་འཛིན་སུ་ཕེབས་པ་ཡིན་ན་ཡང་དེར་འགྲེལ་བཤད་ཞུ་རྒྱུ་རེད།

བདུན། སྐུ་ཉིད་ནི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་རྒྱུས་མངའ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ད་ལན་མི་མང་གི་ངོས་ནས་ཁྱེད་ལ་བསམ་ཚུལ་མང་པོ་ཞུས་ཡོད་དུས། མ་འོངས་པར་འོས་བསྡུ་ལས་ཁང་ངོས་ནས་འོས་བསྡུ་དང་འབྲེལ་ནས་སྒྲིག་གཞི་བསྐྱར་བཅོས་དགོས་པ་ག་རེ་གལ་ཆེན་པོ་གཟིགས་ཀྱི་ཡོད།

ལན། ད་ལྟའི་ཆར་འོས་བསྡུ་ལས་ཁང་ལ་དམིགས་བསལ་གྱི་སྒྲིག་གཞི་བསྐྱར་བཅོས་མེད་པའི་བཟོ་ལྟ་བུ་ཆགས་ཀྱི་འདུག ཡིན་ནའང་། ང་རང་གི་བསམ་བློའི་ནང་གནད་དོན་གཅིག་མཐོང་གི་འདུག སྲིད་སྐྱོང་གི་འོས་ཆོས་ཀྱི་བསྐྱར་བཅོས་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཟེར་བ་དེ་ཏོག་ཙམ་གང་འདྲ་ཆགས་ཀྱི་ཡོད་ན་བསམ་གྱི་འདུག སྤྱིར་བཏང་སྲིད་སྐྱོང་གི་འོས་ཆོས་ནང་འཁོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཟེར་བ་དེ་སྤྱི་འཐུས་ཀྱི་འོས་ཆོས་ནང་དུ་ཡང་ཡོད་རེད་དེ། སྤྱི་འཐུས་ཀྱི་འོས་ཆོས་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཟེར་བའི་ནང་“བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་བསལ་ལས་བྱེད་བཅས་ལ་གོ་དགོས་ཤིང་། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན།”ཞེས་གསལ་པོ་བཀོད་ཡོད་པ་རེད། ཡིན་ནའང་སྲིད་སྐྱོང་གི་འོས་ཆོས་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་པ་ལས་འགྲེལ་བཤད་གཞན་རྣམས་བསྐྱོན་མེད་པ་རེད། ང་རང་གི་བསམ་ཚུལ་བྱས་ན་དེ་བསྡུས་བཞག་པ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་འོས་བསྡུ་ལྷན་ཁང་ངོས་ནས་གནད་དོན་འདི་འཛིན་སྐྱོང་ངམ་ཡང་ན་སྤྱི་འཐུས་ལྷན་ཚོགས་ལ་བསམ་ཚུལ་ཞིག་ཞུ་དགོས་བསམ་བསྡད་ཡོད། གང་ལྟར་གཉི་ཀ་གཅིག་པ་བཟོ་དགོས་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་གཅིག་པུ་བཞག་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དེ་སྲིད་སྐྱོང་ལ་འོས་ཀྱི་མེད་པ་ལྟ་བུ་ཆགས་འགྲོ་ཡི་འདུག གནད་དོན་འདི་ཏག་ཏག་མ་བསྡད་པའི་བཟོ་འདྲ་བོ་འདུག་པ་ལས། དེ་མིན་ང་རང་ངོས་ནས་ད་ལྟའི་ཆར་སྒྲིག་གཞིའི་ནང་ལ་བསྐྱར་བཅོས་དགོས་པ་དམིགས་བསལ་གཞན་དེ་འདྲ་མཐོང་མ་སོང་།

གསར་འགོད་པ། ཀླུ་མགོན་ཐར།

 

བསྐྱར་བཅོས།: ༢༠༡༩/༠༧/༢༩

Leave a Reply

8 thoughts on “མི་མང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་བསམ་ཚུལ་ག་རེ་ཞུས་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།

  2. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཅའ་ཁྲིམས་ཀྱིས་ནུས་པ་འཐོན་ནས་མི་
    ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་བཙན་བྱོལ་སྤྱི་ཚོགས་ཀྱིས་འཕེལ་
    རིམ་དང་བསྟུན་ནས་བཅའ་སྒྲིག་གཉིས་ལ་དུས་ནས་དུས་ལ་འགྱུར་བ་འགྲོ་
    དགོས་པ་ནི་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་
    ཡིན་པ་དང་མི་མང་གིས་མངོན་དང་བསམ་འཆར་ཡིད་ཆེས་ལ་འགན་འཁུར་
    ནས་ཁྲིམས་བཟོ་གྲོས་ཚོགས་ནས་སྤྱི་ཚོགས་ཀྱིས་འཕེལ་རིམ་དང་བསྟུན་ནས་
    བཙན་བྱོལ་བོད་མིའི་བཅའ་སྒྲིག་ལ་བསྐྱར་བཅོས་གནང་རྒྱུ་དེ་ཕྱིས་མ་དྲག་ནའང་
    སྔ་གང་ན་ཡོད།

  3. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོ་ ( Democracy ) ལམ་ལུགས་ནང་མི་མང་གི་མངོན་འདོད་ལ་གྲོས་ཚོགས་
    འཐུས་མིའི་འགན་འཁུར་ནས་ཁྲིམས་དང་སྒྲིག་གཞི་བཟོ་དགོས་པ་དང་དམངས་གཙོ་
    ( Proletarian ) གྲལ་རིམ་དམངས་གཙོའི་ལམ་ལུགས་ནང་གྲལ་རིམ་བྱེ་བྲག་པ་ཞིག་
    གི་གཅིག་བསྡུད་དབང་བསྒྱུར་འོག་འགོ་འདྲེན་དང་ཕྱོགས་གཏོགས་སྐབས་ཚོལ་ལ་འགན་
    འཁུར་ནས་སྤྱི་ཚོགས་འཚོ་དགོས་པ་བཅས་ང་ཚོའི་ཆབ་སྲིད་ཀྱིས་ལམ་ལུགས་དེ་མང་གཙོ་
    (. Democracy ) ཡིན་པ་ནས་མི་མང་གིས་མངོན་འདོད་དང་བསམ་འཆར་ལ་མི་མང་གིས་
    འཐུས་མིའི་འགན་འཁུར་ནས་འགྲོ་དགོས་པ་དེ་ལ་མང་གཙོ་ཟེར་བའི་ཐ་སྙད་ ( Democracy )
    འདི་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང།

  4. གཞུང་པ་ཚེ་དབང་བསོད་ནམས་

    འཛམ་གླིང་འདིའི་སྟེང་འཚོ་བའི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་མི་མང་གིས་
    སྐུ་ཚབ་གྲོས་ཚོགས་ཀྱིས་འཐུས་མིའི་འོས་བསྡུ་དེ་དག་ཐེངས་གཅིག་ལ་གཏན་འཁེལ་ནས་
    འོས་བསྡུའི་ལས་དོན་འགྲོ་བཞིན་པ་ལས་ང་ཚོ་ནང་བཞིན་སྔོན་འགྲོ་མི་མང་ནས་འོས་བསྡུ་རྒྱུ་དང་དངོས་གཞི་
    ཡང་མི་མང་ནས་འོས་བསྡུ་རྒྱུའི་ལམ་ལུགས་འདི་རྗེས་ལུས་མང་གཙོའི་ལམ་ལུགས་ལས་མ་འདས་པ་དང་
    གལ་སྲིད་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་པའི་དབང་དུ་བཏང་ན་སྔོན་འགྲོ་ལ་འོས་དམིགས་
    འདེམས་སྒྲུག་ཚོགས་ཆུང་བཙུགས་ནས་འདེམས་སྒྲུག་ཚོགས་ཆུང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱིས་འོས་
    དམིགས་མི་འགྲོ་སྟོན་ནས་མི་མང་ནས་འོས་དམིགས་དེ་དག་གཞི་ལ་བཞག་ནས་དངོས་གཞི་འོས་འཕེན་
    དགོས་པའི་ལམ་ལུགས་བཟོ་དགོས་པ་ལས་ད་མུས་བཞིན་སྔོན་འགྲོ་ལ་མི་མང་ནས་འོས་འཕེན་དངོས་གཞི་
    ལའང་མི་མང་ནས་འོས་འཕེན་བཞིན་པའི་ལམ་ལུགས་འདིའི་གཞུང་མགྲོན་འཕར་མ་དང་འོས་འཕེན་མང་
    ཚོགས་ལ་ལས་དཀའ་ཐོས་པ་ཙམ་ལས་མ་མཐོང་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་མང་གཙོ་དང་
    ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་ཆོལ་ཁ་དང་ལུང་ཚན་ཤོག་བསྒྲིལ་གྱི་དྲི་ངན་རྒྱང་དུ་དོར་
    ཐུབ་པའི་འགན་འཁུར་བླངས་ནས་མ་འོངས་བོད་ཀྱིས་མང་གཙོའི་འཕེལ་རིམ་ནང་ལེགས་སྐྱེས་བཟང་པོ་
    འཇོག་ཐུབ་པའི་འགན་འཁུར་བཞེས་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་
    བོད་ཀྱིས་ཡུལ་མིའི་ལས་འགན་ངོ་མ་དེ་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང།