རྒྱ་ནག་གཞུང་གིས་ཧོང་ཀོང་གནད་དོན་ཐད་གསར་འགོད་གསལ་བསྒྲགས་སྤེལ།

ཧོང༌ཀོང༌དང་ཨོ༌མིན༌ལས་དོན་ཁང་གིས་ཧོང་ཀོང་མི་མང་གིས་ཉེས་ཅན་རྩིས་སྤྲོད་ངོ་རྒོལ་ཐད་ཆེས་ཐོག་མའི་གསར་འགོད་གསལ་བསྒྲགས་སྤེལ་ནས་ཧོང་ཀོང་གཞུང་དང་ཉེན་རྟོག་པའི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག
དེ་རིང་རྒྱ་ནག་གི་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་པེ་ཅིན་གྲོང་ཁྱེར་དུ། རྒྱ་ནག་གཞུང་གིས་ཐད་བསྐོས་བྱས་པའི་ཧོང༌ཀོང༌དང་ཨོ༌མིན༌ལས་དོན་ཁང་(Hong Kong and Macau Affairs Office)གིས་མཉམ་འབྲེལ་ཐོག འདས་པའི་བདུན་ཕྲག་ ༨ ལྷག་རིང་ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་མི་མང་ས་ཡ་གཉིས་གསུམ་གྱིས་ཡར་ལངས་ངོ་རྒོལ་བསྟུད་མར་སྤེལ་བཞིན་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། གསར་འགོད་གསལ་བསྒྲགས་སྟེང་ཧོང༌ཀོང༌དང་ཨོ༌མིན༌ལས་དོན་ཁང་གི་མགྲིན་ཚབ་པ་ཡཱེང་ཀོང་(Yang Guang)དང་ཞའོ་ལའོ་ཡཱན(Xu Luying)བཅས་ཡོང་ཡོད་པ་དང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་ཕྱིའི་གསར་ཁང་རོའོ་ཊིར་དང་ཨ་ཕེ་སོགས་བཏང་མེད་འདུག

གསལ་འགོད་གསལ་བསྒྲགས་ཀྱི་ཐོག་མར་ཡཱེང་ཀོང་ཟེར་བ་དེས་ཧོང་ཀོང་གིས་རྒྱ་ནག་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འཇོག་དགོས་དོན། ཐའེ་ཝན་ནང་དམར་གསོད་དོན་རྐྱེན་མང་པོ་བྱུང་གི་ཡོད་པའི་དཔེ་མཚོན་དྲང་དེ་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་གྱི་རྒྱབ་ལྗོངས་སྐོར་ལ་བཤད་པ་དང་འབྲེལ། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་འཆར་དེ་ལྟ་བུ་ཞིག་འཇོག་དགོས་པའི་འཆར་གཞི་འཐེན་པར་རྒྱ་ནག་གཞུང་གིས་ངེས་ཤེས་དང་གུས་གཙི་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔར་བཞིན་ཧོང་ཀོང་ས་གནས་གཞུང་གི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཧོང་ཀོང་མི་མང་གིས་ཁྲིམས་མེད་ལུགས་མེད་ཀྱི་དྲག་སྤྱོད་སྤེལ་བར་སྐྱོན་བརྗོད་ཡོད་སྐོར་བརྗོད་པ་ལས། ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ཕྱིར་འཐེན་བྱེད་མིན་སོགས་ཀྱི་སྐོར་ལ་གང་ཡང་བཤད་མེད་འདུག 

ཡང་ཁོས་མུ་མཐུད་འདས་པའི་བདུན་ཕྲག་ཁ་ཤས་རིང་གི་ཧོང་ཀོང་ངོ་རྒོལ་དེས་ཧོང་ཀོང་གི་དཔལ་འབྱོར་གནས་བབ་ཐད་ཉམས་ཉེས་ཆེན་པོ་ཕྱིན་ཡོད་པ་མ་ཟད། གནད་དོན་མང་པོ་ཞིག་ལ་ཤུགས་རྐྱེན་ངན་པ་སྤྲད་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་ཕྱོགས་ནས་དྲག་པོའི་ངོ་རྒོལ་སྐབས་ཁྲིམས་གྱི་དབང་བསྒྱུར་ལ་སྲུང་སྐྱོབ་བྱས་པར་རྒྱབ་སྐྱོར་ཡོད་ལ། ཁྲིམས་ཀྱི་དབང་བསྒྱུར་ནི་ཧོང་ཀོང་མི་མང་གིས་དགའ་སྤོབས་བྱེད་ས་དེ་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཧོང་ཀོང་ལ་འཚམས་ཤོས་ཡིན་པ་དང་། གནད་དོན་གང་འདྲ་ཞིག་ལ་ཐུག་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་འགྱུར་བ་རྩ་ནས་གཏོང་རྒྱུ་མིན་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་སྤྱི་ཁྱབ་ཀཱ་རེ་ལམ་དང་ཧོང་ཀོང་ཉེན་རྟོག་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། ཧོང་ཀོང་གི་དྲག་པོའི་ངོ་རྒོལ་མྱུར་དུ་ཞི་འཇགས་ཡོང་བ་བྱས་ཏེ། ཧོང་ཀོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ན་གཞོན་ཚོའི་ལས་ཀ་དང་འཚོ་བའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

མཇུག་ཏུ་གསར་འགོད་པ་ཞིག་གིས་མ་འོངས་པར་ཧོང་ཀོང་ནང་མུ་མཐུད་ངོ་རྒོལ་བྱུང་བ་ཡིན་ན་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམག་མི་གཏོང་རྒྱུ་ཡིན་མིན་དྲིས་པར་ཁོས། གནད་དོན་དེའི་སྐོར་ལ་བཤད་རྒྱུ་གང་ཡང་མེད་ཅེས་བརྗོད་དེ་ལན་བཏབ་མེད་པ་དང་། ཡང་གསར་འགོད་པའི་དྲི་བ་དྲིས་ལན་སྐབས་ཡཱེང་ཀོང་གིས་ཧོང་ཀོང་གི་གནད་དོན་ཐད་ནས་ནུབ་ཕྱོགས་པའི་འགན་མི་འཁུར་མཁན་གྱི་མི་སྣ་ཁ་ཤས་ཀྱི་སྐད་ཆར་དོ་སྣང་བྱུང་བ་དང་།  ཁོ་ཚོས་ཧོང་ཀོང་བེད་སྤྱད་ནས་རྒྱ་ནག་གི་འཕེལ་རྒྱས་ལ་དཀའ་ངལ་བཟོ་ཐབས་བྱས་ན་ཡང་། ཧོང་ཀོང་ནི་ནམ་ཡང་རྒྱ་ནག་གི་ཧོང་ཀོང་ཡིན་པ་དང་། ནུབ་ཕྱོགས་པ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ས་གང་ཡང་མེད་སྐོར་བརྗོད་འདུག

ཐེངས་འདིའི་གསར་འགོད་གསལ་བསྒྲགས་དེ་ནི་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱུང་བ་ནས་རྒྱ་ནག་གཞུང་ཕྱོགས་ནས་འགན་བླངས་ཏེ་སྐད་ཆ་བཤད་པ་ཐེངས་དང་པོ་ཆགས་ཡོད་པ་དང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་ལ་ཧོང་ཀོང་མི་མང་གཙོས་རྒྱལ་སྤྱིའི་སྟེང་དོ་སྣང་ཆེན་པོ་བྱས་ཡོད་ན་ཡང་། གསར་འགོད་གསལ་བསྒྲགས་ཚོགས་ལ་ཉེ་བ་དང་ཕྱིའི་གསར་འགོད་པ་བཀག་འགོག་དང་། ཧོང་ཀོང་གཞུང་དང་ཉེན་རྟོག་པས་འདས་པའི་དུས་ཡུན་རིང་རྔམ་སྟོན་ཁྲོམ་སྐོར་མི་མང་ཁྲོད་བཅར་བརྡུང་དང་དུག་རླངས་གཡུག་པ་སོགས་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཧོང་ཀོང་གི་ཉེན་ཅན་རྩིས་སྤྲོད་ཁྲིམས་འཆར་ཐད་འགྱུར་བ་གང་ཡང་གཏོང་རྒྱུའི་སྐོར་སོགས་བཤད་མེད་པ་མ་ཟད། གསར་འགོད་པའི་དྲི་བ་དྲིས་ལན་སྐབས་དྲི་བ་ཁ་ཤས་མ་གཏོགས་ལན་མ་བཏབ་པར་བྲོས་ཕྱིན་པ་སོགས་བྱུང་ཡོད་འདུག 

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ནས་ཧོང་ཀོང་མི་མང་ས་ཡ་མང་པོས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ཏེ། ད་ལྟའི་ཆར་བདུན་ཕྲག་ ༨ ལྷག་འགྲོ་བཞིན་ཡོད་པ་དང་། འདས་པའི་ནང་ཧོང་ཀོང་མི་མང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་སྐབས་ཉེན་རྟོག་པས་འགྱིག་གི་མེ་མདའ་འཕེན་པ་དང་། མིག་ཆུ་འཐོར་བའི་དུག་རླངས་གཡུག་པ་སོགས་དྲག་སྤྱོད་ཤུགས་ཆེར་སྤེལ་དེ་མི་མང་པོར་རྨས་སྐྱོན་བཟོས་པ་སོགས་བྱུང་ཡོད་པ་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནད་དོན་ཐད་དྲང་ཕྱོགས་ཀྱི་ལས་དོན་གཉེར་དགོས་པ་སོགས་བརྗོད་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཉེན་ཅན་རྩིས་སྤྲོད་ཁྲིམས་འཆར་ངོ་རྒོལ་སྐོར་ལ་འགན་བླངས་ནས་སྐད་ཆ་གང་ཡང་བཤད་མེད་པ་མ་ཟད། ཧོང་ཀོང་སྤྱི་ཁྱབ་པས་མི་མང་ལ་ཁྲིམས་འཆར་ཤི་སོང་བ་རེད་ཙམ་ལས་གཞན་ཁྲིམས་འཆར་དེ་ཁྲིམས་ལྟར་ཕྱིར་འཐེན་བྱས་མིན་སོགས་གང་ཡང་བརྗོད་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༣༠

Leave a Reply