རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་ཧོང་ཀོང་ལ་ཉེན་བརྡ་བཏང་།

རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་ཧོང་ཀོང་ནང་ “མཇུག་འབྲས་ལ་སོ་སོས་འགན་ལེན་བྱེད་དགོས་”ཞེས་བརྗོད་པའི་དྲག་པོའི་ཐབས་ལམ་ལ་བརྟེན་ནས་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་དམག་སྦྱོང་བརྙན་ཐུང་ཞིག་བསྟན་ཡོད་འདུགལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧོང་ཀོང་དུ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མགོ་འཛུགས་བྱས་ནས་ལོ་ངོ་ ༩༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་ཞིག་བསྡུས་པའི་ཐོག ཧོང་ཀོང་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་སྤྱི་ཁྱབ་དམག་དཔོན་ཁྲིན་དཱ་ཤང་(Chen Daxiang) ཟེར་བ་ཞིག་གིས། ཐེངས་དང་པོར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཐད་ལ་ཡོངས་གྲགས་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཧོང་ཀོང་དུ་ཡོད་པའི་བཅིངས་གྲོལ་དམག་ལ་རྒྱ་ནག་གི་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་ནུས་པ་ཆ་ཚང་ཡོད་སྐོར་བརྗོད་དེ། བཅིངས་གྲོལ་དམག་གིས་ཟིང་འཁྲུག་ཞོད་འཇགས་ཀྱི་ཡུལ་དངོས་དམག་སྦྱོང་བྱས་པའི་བརྙན་ཐུང་ཞིག་ཀྱང་ཉེན་བརྡའི་ཚུལ་དུ་བསྟན་ཡོད་འདུག

དེ་ཡང་མཛད་སྒོ་དེའི་ཐོག་སྤྱི་ཁྱབ་དམག་དཔོན་ཁྲིན་དཱ་ཤང་ཟེར་བ་དེས། ཉེ་ཆར་ཞིག་ནས་ཧོང་ཀོང་ནང་ཚད་ལས་བརྒལ་བའི་འཚེ་བའི་དོན་རྐྱེན་བསྟུད་མར་བྱུང་ཡོད། དེས་ཧོང་ཀོང་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་བརླིང་གཏོར་བརླག་བཏང་ཡོད་པ་མ་ཟད། ཁྲིམས་ཀྱི་དབང་བསྒྱུར་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་ཚོད་འཛིན་བྱས་ཡོད། དོན་རྐྱེན་དེ་དག་གིས་ཧོང་ཀོང་མི་མང་གི་འཚོ་བ་དང་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་སྲིད་བྱུས་རྩིས་མེད་བཏང་ཡོད། གནད་དོན་འདི་འདྲའི་རིགས་ལ་བཟོད་བསྲན་བྱ་རྒྱུ་མེད་པ་དང་། ང་ཚོའི་ངོས་ནས་དེར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་མ་ཟད། བཅིངས་གྲོལ་དམག་གིས་སོ་སོའི་རྒྱལ་ཁབ་དང་གྲོང་ཁྱེར་ལ་དགའ་མོས་བྱེད་མཁན་རྣམས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་དང་། མི་དམངས་བཅིངས་གྲོལ་དམག་ལ་རྒྱ་ནག་གི་བདག་དབང་དང་། རྒྱལ་སྲུང་། བརྟན་བརླིང་། དེ་བཞིན་ཧོང་ཀོང་གི་འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་བརྟན་པོ་ཡོད་སྐོར་བསྒྲགས་འདུག

མཛད་སྒོའི་ཐོག་བསྟན་པའི་སྐར་མ་གསུམ་ཅན་གྱི་བརྙན་ཐུང་དེའི་ནང་། བཅིངས་གྲོལ་དམག་གིས་འཇིགས་སྐུལ་དྲག་སྤྱོད་པར་ཕར་རྒོལ་གྱི་དམག་སྦྱོང་དང་། མི་མང་གི་ངོ་རྒོལ་དང་ཟིང་འཁྲུག་ཞོད་འཇགས་བྱེད་ཐབས་སྐོར་གྱི་ཡུལ་དངོས་དམག་སྦྱོང་ཞིག་བསྟན་ཡོད་པ་དང་། བརྙན་ཐུང་དེའི་ནང་བཅིངས་གྲོལ་དམག་གིས་ཟིང་འཁྲུག་ཞོད་འཇགས་སྐབས་ མིག་ཆུའི་དུག་རླངས་དང་། ཆུ་གཏོར་རླངས་འཁོར་སོགས་བཀོལ་སྤྱོད་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་མ་ཟད། དམག་དཔུང་ཞིག་གིས་མི་མང་ལ་ཁ་ཕྱོགས་ཏེ་ཧོང་ཀོང་བའི་སྐད་དུ་ “མཇུག་འབྲས་ལ་སོ་སོས་འགན་ལེན་བྱེད་དགོས་” ཞེས་ཉེན་བརྡ་བཏང་ཡོད་པ་དང་།  “འཚེ་བ་མཚམས་འཇོག་མ་བྱེད་ཚེ་དྲག་པོའི་ཐབས་ལམ་སྤྱད་རྒྱུ་ཡིན་” ཞེས་པའི་འཕྲེད་དར་དམར་པོ་འཕྱར་བཞིན་པ་དང་། མི་མང་ནང་མེ་སྒྱོགས་འཕེན་བཞིན་པའང་གསལ་པོ་མཐོང་རྒྱུ་ཡོད་འདུགཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་ཐེངས་དང་པོར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ད་ལན་ཧོང་ཀོང་ནང་ཡོད་པའི་མི་དམངས་བཅིངས་གྲོལ་དམག་གིས་ཀྱང་ཉེན་བརྡའི་བསྒྲགས་གཏམ་ཐེངས་དང་པོར་སྤེལ་ཡོད་སྟབས། གནད་དོན་དབྱེ་ཞིབ་མང་པོ་ཞིག་གིས་རྒྱ་ནག་གིས་མངོན་གསལ་དོད་པོའི་ཐོག་ནས་ཧོང་ཀོང་གི་གནད་དོན་དེར་སྟངས་འདིན་བྱེད་ཀྱི་ཡོད་པ་དང་། སྔ་ཕྱི་མ་གཏོགས་ངོ་རྒོལ་ལས་འགུལ་བའི་ཐོག་དམག་ཤུགས་བཀོལ་ཉེན་ཡོད་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་རེད།ཡིན་ན་ཡང་། ཉེ་སྔོན་ཧོང་ཀོང་གཞུང་གིས་ཧོང་ཀོང་གྲོང་ཁྱེར་ལ་ནང་ཁུལ་གྱི་གནད་དོན་སེལ་རྒྱུའི་ནུས་པ་ཆ་ཚང་ཡོད་པས། བཅིངས་གྲོལ་དམག་ནས་རོགས་འདེགས་ཞུ་དགོས་དོན་མེད་སྐོར་བསྒྲགས་ཡོད་ལ། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་གཞུང་འབྲེལ་མི་སྣ་ཞིག་གིས་ཀྱང་ཧོང་ཀོང་ས་གནས་སྲིད་གཞུང་གིས་པེ་ཅིན་གཞུང་ལ་ཡར་ཞུ་བྱས་ན་མ་གཏོགས་དེར་ཐེ་བྱུས་བྱ་ཐབས་མེད་སྐོར་བརྗོད་ཡོད། དེ་བཞིན་དབྱིན་ཡུལ་གྱི་ནོ་ཊིང་གྷམ་གཙུག་ལག་སློབ་གྲྭའི་ (University of Nottigham) རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཨེན་ཌེ་རིས་ཧྥུལ་དྷ་ (Andreas Fulda) ཡིས། ཐེངས་འདིར་མི་དམངས་བཅིངས་གྲོལ་དམག་གིས་བརྗོད་པ་དེ་དག་ཧོང་ཀོང་བ་རྣམས་ལ་ཞེད་སྣང་སློང་ཆེད་ཙམ་ཡིན་པ་དང་། ཧོང་ཀོང་ནང་དམག་དངོས་སུ་འགྲེམ་འཇོག་བྱས་ཚེ། དེས་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་རང་ལ་མི་མཐུན་པ་འབྱུང་སྲིད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༠༡

Leave a Reply