དྲུག་བཞིའི་དྲ་རྒྱ་ཡི་བདག་པོ་ཧང་ཆི་ལ་ལོ་ ༡༢ ཁྲིམས་ཐག་བཅད། 

ཧང་ཆི་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་དུ་བཅུག་པ་དང་མི་མང་ལ་ངན་སྐུལ་གྱིས་ཟིང་ཆ་སློང་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༢ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུགཕྱི་ཟླ་ ༧ ་ཚེས་ ༣༠ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་མེན་ཡཱང་འབྲིང་རིམ་མི་མང་ཁྲིམས་ཁང་གིས། རྒྱ་ནག་གི་དྲུག་བཞིའི་དྲ་རྒྱ་ཡི་བདག་པོ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཧང་ཆི་(Huang Qi)ལགས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལ་མཁོ་སྤྲོད་བྱས་ཡོད་པ་དང་། མི་མང་ལ་ངན་སྐུལ་གྱིས་ཟིང་ཆ་སློང་ཐབས་བྱས་ཡོད་སྐོར་གྱི་ཉེས་མིང་འོག་ལོ་ ༡༢ ཡི་བཙོན་འཇུག་ཁྲིམས་ཆད་དང་། ལོ་ ༤ རིང་ཆབ་སྲིད་ཐོབ་ཐང་མེད་པ་བཟོས་ཡོད་འདུག

དེ་སྔོན་ཧང་ཆི་ལགས་ཀྱི་ཁྲིམས་རྩོད་པ་བྱས་མྱོང་ཞིང་། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པའི་གོ་གནས་ནས་གནས་དབྱུང་བཏང་བའི་སའེ་མོ་ཆིན་(Sui Muqing)ལགས་ཀྱིས། ཧང་ཆི་ལ་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་གིས་སྤྱི་དམངས་ལས་འགུལ་བ་གཞན་ལ་ངན་སྐུལ་བྱས་ཡོད་ལུགས་བརྗོད་ཡོད་ཀྱང་། ཧང་ཆི་ལགས་ཀྱིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་ས་ཡིག་བསྡུ་རུབ་དང་། ཡོངས་ཁྱབ་ཐོག་གཞུང་ལ་སྐྱོན་བརྗོད་བྱས་པ་དེར་དགྲ་ཤ་བླངས་པ་རེད་བསམ་གྱི་འདུག ཅེས་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཧང་ཆི་ལགས་སུ་བཙོན་འཇུག་ཁྲིམས་ཐག་བཅད་པ་ཕྱིར་བསྒྲགས་བྱས་རྗེས། རྒྱ་ནག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་གིས་ཁོང་གི་འཕྲོད་བསྟེན་གནས་སྟངས་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་པཱ་རིག་པོན (Patrick Poon)གྱིས། ང་ཚོས་སེམས་འཚབ་བྱེད་ས་དེ་བཙོན་ཁང་དུ་ཁོང་གི་ན་ཚ་སྨན་པར་བསྟེན་གཏུག་དང་། དགུང་ལོ་ ༨༦ ཡིན་པའི་ཁོང་གི་ཨ་མ་ལགས་ཁོང་ལ་ཐུག་ཏུ་འཇུག་མིན་བཅས་ཡིན། ཞེས་བརྗོད་འདུག

ཡང་ཁོས་རྒྱ་ནག་གཞུང་གིས་ཧང་ཆི་བཙོན་འཇུག་བྱས་པའི་གནད་དོན་གྱི་ཐོག་ནས་དུས་རྒྱུན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོར་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་མཚོན་ཡོད་ལ། དེ་ནི་མ་འོངས་པར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་གཞན་ལ་ཤུགས་རྐྱེན་སྤྲོད་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཧང་ཆི་ལགས་ནི་ད་ལོ་དགུང་ལོ་ ༥༦ ཡིན་ཞིང་། ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དོན་རྐྱེན་བྱུང་རྗེས། ཁོང་གིས་དྲུག་བཞི་དྲ་བ་(64 Tianwang) ཞེས་པ་ཞིག་སྒོ་འབྱེད་བྱས་ཏེ། དོན་རྐྱེན་དེ་དང་འབྲེལ་བའི་གནས་ཚུལ་དང་། རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་སྐོར། དེ་བཞིན་ཉེན་རྟོག་པས་མི་མང་ལ་དྲག་གནོན་བྱས་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་ས་ཡོམ་བྱུང་སྐབས། སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་བ་དེ་སློབ་གྲྭའི་འཛུགས་སྐྲུན་གྱི་གནད་དོན་ལ་ཐུག་ཡོད་སྐོར་དོགས་སློང་བྱས་པའི་རྐྱེན་གྱིས།

རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ལོ་ ༣  རིང་བཙོན་འཇུག་བྱས་རྗེས་ཀློད་ཡོད་ཀྱང་། ཁོང་གིས་སྔར་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྲུང་སྐྱོབ་དང་རྩོད་ལེན་བྱས་པར་བརྟེན་བསྟུན་མར་ཐེངས་གསུམ་ལ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གི་དྲུག་བཞིའི་དྲ་བར་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་དྲ་རྒྱའི་རང་དབང་གཟེངས་རྟགས་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཁོང་ལ་གསར་འགོད་རང་དབང་གི་གཟེངས་རྟགས་ཕུལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༠༡

Leave a Reply