རྒྱ་ནག་གཞུང་གིས་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་ལ་དམིགས་ཏེ་ལོ་རྒྱུས་སློབ་དེབ་གསར་པ་བཟོས་འདུག

བོད་དང་ཐའེ་ཝན་སོགས་གནའ་སྔ་མོ་ནས་རྒྱ་ནག་གི་དབང་བསྒྱུར་འོག་ཡིན་སྐོར་སྒྲུབ་པའི་ལོ་རྒྱུས་སློབ་དེབ་གསར་པ་བཟོས་ཏེ་མི་འགྱངས་བར་མཐོ་འབྲིང་ཁག་གི་ནང་འགྲེམས་སྤེལ་བྱ་རྒྱུ་རེད་འདུག འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྟོན་ཀའི་སློབ་དུས་མགོ་བཙུགས་པ་ནས་བཟུང་། རྒྱ་ནག་གཞུང་གིས་མཐོ་འབྲིང་སློབ་གྲྭ་ཁག་གི་ནང་ལོ་རྒྱུས་སློབ་དེབ་གསར་པ་ཞིག་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དང་། ལོ་རྒྱུས་སློབ་དེབ་གསར་པ་དེའི་ནང་ད་ལྟ་རྒྱའི་དབང་བསྒྱུར་འོག་ཡོད་པའི་བོད་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ། ཐའེ་ཝན་སོགས་རྒྱལ་སྤྱིའི་ཐོག་མངའ་ཁོངས་ཀྱི་བདག་དབང་རྩོད་རྙོག་ཅན་དུ་གྱུར་བའི་ས་ཁུལ་རྣམས་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་དང་དབང་བསྒྱུར་འོག་ཡིན་ལུགས་བཀོད་ཡོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་རྒྱུས་སློབ་དེབ་གསར་པའི་ནང་ཡོན་རྒྱལ་རབས་ཀྱི་སྐབས་རྒྱལ་ཁབ་ཀྱི་མངའ་ཐང་ཕྱོགས་བཞིར་ཁྱབ་སྟེ། ད་ལྟའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དང་བོད། ཡུན་ནན། བྱང་ཤར་ས་ཁུལ(东北广大地区)། ཐའེ་ཝན། ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་བཅས་དབང་འོག་ཏུ་ཡོད་ལུགས་དང་། དེ་བཞིན་ཆིན་རྒྱལ་རབས་སྐབས་ནས་བཟུང་ད་ལྟ་རྒྱ་ནག་དང་ཉི་ཧོང་བར་རྩོད་རྙོག་ཅན་དུ་གྱུར་བའི་ཉ་འཛིན་གླིང་ཕྲན་(钓鱼岛)རྒྱའི་དབང་བསྒྱུར་འོག་ཡོད་པ་རི་མོ་དང་ཡི་གེ་སོགས་ཀྱི་ཐོག་ནས་སྒྲུབ་ཐབས་བྱས་ཡོད་འདུག

སློབ་དེབ་བསྐྱར་བཅོས་དེའི་ཐད་རྒྱ་ནག་གི་ལོ་རྒྱུས་སློབ་ཚན་བསྐྱར་ཞིབ་པ་པེ་ཅིན་གྱི་(Normal University)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་། རྒྱ་ནག་ལོ་རྒྱུས་སློབ་དཔོན་ཚོགས་པའི་འགན་འཛིན་ཡེ་ཞའོ་བྷིན(Ye Xiaobing)ཞེས་པ་ཞིག་གིས།དེ་སྔོན་གྱི་ལོ་རྒྱུས་སློབ་དེབ་ཁག་ཏུ་རྒྱ་ནག་ནི་རྒྱལ་ཕྲན་མང་པོས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པ་བཀོད་ཡོད་ན་ཡང་། སློབ་དེབ་གསར་བའི་ནང་དུ་རྒྱལ་རབས་རིམ་བྱུང་གིས་དབང་བསྒྱུར་བྱས་པའི་མཐའ་མཚམས་ཁག་གསལ་ཁ་བཟོས་ཡོད་པ་དང་། དེ་ཡི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་སློབ་མ་ཚོར་རྒྱལ་ཁབ་གཅིག་འགྱུར་དང་མངའ་ཁོངས་ཀྱི་བདག་དབང་འདུ་ཤེས་ཡར་སྐུལ་གཏང་སྟེ། ལོ་རྒྱུས་དངོས་ར་སྤྲོད་ཐབས་དང་ཐུན་མིན་རིག་གཞུང་ལ་ངོས་འཛིན་ཡག་པོ་ཐོབ་ཆེད་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་རྒྱུས་སློབ་དེབ་བསྐྱར་བཅོས་དེ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་ནས་བཟུང་མགོ་བཙུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ པའི་སྟོན་ཀའི་སློབ་དུས་ཚུགས་སྐབས་ཐོག་མར་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཧྲན་ཏུང་། དེ་བཞིན་ཧེ་ནན་བཅས་ཞིང་ཆེན་དྲུག་གི་གྲོང་ཁྱེར་གྱི་མཐོ་འབྲིང་ཁག་གི་ནང་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དང་། དེ་ནས་ཕྱི་ལོ་ ༢༠༢༢ ལོའི་སྟོན་ཀའི་སློབ་དུས་མགོ་འཛུགས་སྐབས་རྒྱལ་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༠༣

Leave a Reply

3 thoughts on “རྒྱ་ནག་གཞུང་གིས་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་ལ་དམིགས་ཏེ་ལོ་རྒྱུས་སློབ་དེབ་གསར་པ་བཟོས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    མ་འོངས་མི་རབས་རྗེས་མ་ཚོའི་གཅིག་འཇོན་ན་མ་རྟོགས་ད་ལྟའི་
    ང་ཚོའི་མི་རབས་འདིའི་ནང་ཁུལ་རྩོད་གླེང་ལ་མགོ་འཁོར་ནས་བོད་
    དོན་བདེན་མཐའ་གསལ་ཐབས་ལ་ནུས་པ་འདོན་མི་ཐུབ་པ་དེ་ལོང་
    བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ལས་མ་འདས་པ་ནི་མི་ལོ་
    བཅུ་ཕྲག་གཅིག་གིས་ནང་བོད་རྒྱ་འབྲེལ་ལམ་མ་ཐུབ་པ་ནས་ཚོད་དཔག་
    ཐུབ་པ་བཅས།

  2. སྤྱི་སྟངས་གནས་ལུགས་དང་རྒྱུ་མཚན་ཡང་དག་ཞིག་མེད་ན་ངེས་པར་རྫིན་མ་ཞིག་མ་བྱས་ན་འགྲོ་སྟངས་གཞན་མེད་ཙང་ངེས་པར་ཁོང་ཚོའི་འདི་འདྲ་བྱེད་ངེས་རེད། ཡིན་ཡང་ངེས་པར་འདིའི་སྐོར་བོད་མི་ཚོའི་ངེས་པར་བྱས་ནས་བོད་རང་གི་སྐད་ཡིག་ཐོག་བསྒྱུར་ཐུབ་གནང་དགོས་པ་དང་དེ་འཛམ་གླིང་ཐོག་ངེས་ཤེས་ཡོང་ཐུབ་གནང་དགོས་པ་གལ་ཆེན་རེད་འདོད།

  3. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་བོད་ཐོག་བདག་དབང་ཡོད་པའི་དཔང་རྟགས་སུ་སློབ་དེབ་
    གསར་བཟོའི་ལས་འགུལ་སྤེལ་ཡོད་ན་དེ་ལ་ང་ཚོ་ནམ་ཡང་འཇིག་དགོས་
    པ་མ་རེད་ལ་རྒྱ་མིའི་རྔ་སྡུངས་སྟངས་ལ་ཞིག་པའི་ང་ཚོའི་འཆམ་ཁྲབ་དགོས་
    པ་ལས་རྒྱ་མིའི་གཅིག་བྱེད་ཀྱི་འདུག་གཉིས་ལས་ཀྱི་འདུག་ལབ་ནས་ང་རང་ཚོའི་
    གང་ཡང་མ་འཇོན་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་ལག་པ་ཟེད་ནས་མི་ལོ་
    དྲུག་བཅུ་རྫོགས་ནས་ད་དུང་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བ་བཅོལ་ནས་
    མི་ལོ་དྲུག་བཅུ་རྫོགས་རྒྱུ་ཡིན་པ་ལྔ་དང་ལྔ་བཅུའི་ལས་འཆར་ནས་ང་ཚོར་
    ངོ་སྤྲོད་ཐུབ་པ་མ་རེད་དམ།