རྒྱ་གཞུང་གིས་རྟ་མཆོག་རྟཊ་མའི་གློག་བརྙན་དུས་སྟོན་ཐོག་ཞུགས་ཏུ་བཅུག་མི་འདུག

འདི་ལོའི་ཐའེ་ཝན་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐེངས་ ༥༦ པའི་ཐོག་རྒྱ་ནག་སྐམ་ས་ནས་ཡིན་པའི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་འཁྲིད་པ་སོགས་མཉམ་ཞུགས་བྱེད་དུ་བཅུག་མི་འདུག དེ་རིང་ནས་ཕྱི་ལོ་ ༢༠༡༩  ལོའི་ཐའེ་ཝན་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐེངས་ ༥༦ པའི་གློག་བརྙན་བསྡུ་ལེན་གྱི་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ནས་ ༢༤ བར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་འཚོགས་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་གློག་བརྙན་ཚང་མ་དང་། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་དང་འཁྲིབ་འཁྲིད་པ། འཁྲབ་སྟོན་པ་བཅས་མཉམ་ཞུགས་བྱེད་དུ་བཅུག་མེད་སྟབས། སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་གྲངས་ས་ཡ་མང་པོས་གླེང་སློང་ཤུགས་ཆེན་བྱེད་བཞིན་འདུག

 ཐའེ་ཝན་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་པ་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་རྟ་མཆོག་རྟགས་མའི་དུས་སྟོན་ཐོག་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་སྟོན་པ། འཁྲབ་སྟོན་པ་ཚོ་ཞུགས་ཐུབ་མེད་པ་རེད་ཅེས་བརྗོད་ཡོད་པ་ལས། གཞན་གནད་དོན་ག་རེའི་རྐྱེན་གྱིས་ཞུགས་མ་ཐུབ་པ་སོགས་ཞིབ་ཕྲའི་གནས་ཚུལ་བརྗོད་མེད་ན་ཡང་། གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་དང་ཐའེ་ཝན་མཚོ་འགག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ།  ཆབ་སྲིད་ཀྱི་རྙོག་ཟིང་ཆེན་པོའི་ནང་ཡོད་པའི་རྐྱེན་གྱིས་ཡིན་སྐོར་དང་། ཡང་སྔར་ལོའི་གློག་བརྙན་དུས་སྟོན་སྟེང་། ཐའེ་ཝན་གྱི་བུད་མེད་ཧྥོ་ཡེ(Fu Yue)ལགས་སུ་རྟ་མཆོག་རྟགས་མའི་དངོས་བཤུས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་སྐབས། མོས་ནམ་ཞིག་ལ་ཐའེ་ཝན་མཚོ་གླིང་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གཙང་མ་བྱུང་རྒྱུ་ནི་མོ་རང་གི་རེ་བ་ཉག་གཅིག་ཡིན་སྐོར་བརྗོད་ཡོད་པའི་རྐྱེན་ཡིན་ལུགས་སོགས་བརྗོད་ཀྱི་འདུག གནད་དོན་དེའི་ཐད་རྒྱ་ནག་ཧྲང་ཧེ་ནས་ཡིན་པའི་རྒྱ་ནག་གི་གློག་བརྙན་བཟོ་སྐྲུན་པ་ཏུང་ཧྲུ་(Dong Shu)ཟེར་བ་ཞིག་གིས། རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ནི་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་སྒྲུབ་བཞིན་པའི་གློག་བརྙན་ཁག་འགྲེམས་སྟོན་བྱེད་ས་དང་། རྒྱ་ནག་སྐམ་ས་དང་ཐའེ་ཝན། ཧོང་ཀོང་སོགས་ཀྱི་གློག་བརྙན་ཐད་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་སའི་གར་སྟེགས་ཡག་པོ་ཞིག་ཡིན་ན་ཡང་། ཐའེ་ཝན་གྱི་མི་ཁ་ཤས་ཀྱིས་གར་སྟེགས་དེ་བེད་སྤྱད་ནས་ཆབ་སྲིད་གླེང་སློང་བྱས་ཏེ་དུས་སྟོན་དེའི་ངོ་བོ་བསྒྱུར་ཡོད་སྐོར་བརྗོད་འདུག

 སྔར་ལོ་ཐའེ་ཝན་རང་བཙན་གྱི་གཏམ་བཤད་སྤེལ་བ་ནས་འཁྲབ་སྟོན་པ་དང་མཉམ་ཞུགས་པ་མང་པོས་ཐེངས་རྗེས་མའི་དུས་སྟོན་ཐད་སེམས་འཚབ་བྱས་ཡོད་པ་དང་། རྗེས་སུ་ཐའེ་ཝན་མཚོ་གླིང་གི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་(Tsai Ing-wen)མཆོག་གིས་གནད་དོན་དེའི་ཐད་སྒེར་གྱི་ངོ་དེབ་སྟེང་། ཐའེ་ཝན་གྱིས་ནམ་ཡང་རྒྱ་ནག་གི་ཐའེ་ཝན་ཞེས་པའི་ཚིག་དེ་ངོས་ལེན་བྱེད་ཀྱི་མིན་ལ། ཐའེ་ཝན་ནི་རྒྱ་ནག་མ་ཡིན་པར་ཐའེ་ཝན་རྒྱལ་ཁབ་ཅིག་ཡིན་ལ། རྟ་མཆོག་རྟགས་མའི་ཐོག་ནས་ཐའེ་ཝན་ནི་རང་དབང་དང་སྣ་ཚོགས་རང་བཞིན་ཅན་ཞིག་ཡིན་པ་མངོན་ཡོད་པ་དང་། གནད་དོན་དེ་ཡིས་རྒྱ་ནག་དང་ཐའེ་ཝན་གྱི་ཁྱད་པར་དབྱེ་ཐུབ་ཀྱི་ཡོད་པ་མ་ཟད། ཐའེ་ཝན་ནང་དུ་སྒྱུ་རྩལ་ལས་རིགས་ལ་རང་དབང་ཡོད་པ་མངོན་ཡོད་པས་མོ་རང་སྤོབས་པ་ཆེན་པོ་སྐྱེས་ཀྱི་ཡོད་སྐོར་གསུངས་པས་གླེང་སློང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

 གློག་བརྙན་དུས་སྟོན་དེའི་ཐོག་རྒྱ་སྐད་ཀྱི་ལམ་ནས་འཁྲབ་པའི་གློག་བརྙན་ཡག་ཤོས་མང་པོ་ཞིག་མཉམ་དུ་བསྡུས་ཡོད་པ་མ་ཟད། ཁོ་ཚོས་ད་ལྟ་བར་དུ་མི་མངོན་པའི་ཚུལ་གྱིས་ཆབ་སྲིད་དང་གཡོལ་ཐབས་བྱས་ཡོད་པ་དང་།སྔར་ལོའི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་<<ལག་དམར>>ཞེས་པ་དེའང་འཁྲབ་འཁྲིད་པ་ཡག་ཤོས་དང་འཁྲབ་གཞུང་སྒྲིག་བཟོ་ཡག་ཤོས་ཀྱི་ངོས་ནས་ཚུད་ཡོད་པ་དང་།  ཕྱི་ལོ་ ༢༠༡༥ ལོར་གློག་བརྙན་ཐར་ལོ་ལ་འཁྲབ་གཞུང་ཡག་ཤོས་ཀྱི་གསེར་གྱི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་ཡོད་པ་རེད།

གསེར་གྱི་རྟ་མཆོག་རྟགས་མ་ལོ་རེ་བཞིན་ཐའེ་ཝན་རྒྱལ་ས་རུ་ཚོགས་ཀྱི་ཡོད་པ་དང་། དེ་ནི་ཨེ་ཤ་ཡའི་ནང་ཚོགས་བཞིན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེ་ཤོས་ཤིག་ཆགས་ཡོད་པས། ཨེ་ཤ་ཡའི་ཨོ་སི་ཁཱར་གློག་བརྙན་བྱ་དགའ་ཞེས་ཀྱང་འབོད་ཀྱི་ཡོད་འདུག་ལ། ལོ་རེར་རྒྱ་ནག་གི་གློག་བརྙན་མི་འདྲ་བ་༡༠༠ ནས་ ༢༠༠ བར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག གློག་བརྙན་དུས་སྟོན་དེའི་ཐོག་དངོས་བཤུས་གློག་བརྙན་རྩེ་གྲས་དང་། འཁྲབ་འཁྲིད་པ་རྩེ་གྲས། འཁྲབ་གཞུང་རྩེ་གྲས། བརྙན་ཕབ་རྩེ་གྲས་སོགས་ཀྱི་བྱ་དགའ་སྤྲོད་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་དེ་ཕྱི་ལོ་ ༡༩༦༢ ལོར་ཐའེ་ཝན་རྒྱལ་ཡོངས་དྲིལ་བསྒྲགས་ལས་ཁུངས་ཀྱིས་གསར་འཛུགས་གནང་ཡོད་ན་ཡང་། ཕྱི་ལོ་ ༡༩༩༠ ལོ་ནས་གློག་བརྙན་དུས་སྟོན་དེ་ཐའེ་ཝན་(Motion Picture Development Foundation)མཐུན་འགྱུར་འོག་ཚོགས་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་བཟོ་སྐྲུན་པ་དང་གློག་བརྙན་འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་དང་། དུས་སྟོན་དེ་བརྒྱུད་གློག་བརྙན་ཐད་བསམ་ཚུལ་བརྗེ་རེས་དང་སེམས་ཤུགས་སྤར་བ་སོགས་ཀྱི་ཆེད་དུ་ཡིན་འདུག

ཉེ་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་ལ་ཁ་གཏད་གཅོག་ཆེད་ཐའེ་ཝན་ནང་ཡུལ་སྐོར་དུ་འགྲོ་མཁན་མི་སྒེར་ཚོ་ལའང་བཀག་སྡོམ་བྱས་ཡོད་སྟབས། ལྕམ་ཚའེ་ཡེན་ཝིན་མཆོག་ནས་རྒྱ་ནག་སྐམ་སའི་ན་གཞོན་ཚོ་ཐའེ་ཝན་ནང་ཡོང་ནས་རང་དབང་དང་དམངས་གཙོའི་སྤྱི་ཚོགས་ཉམས་སུ་མྱོང་བའི་ཐོབ་ཐང་ཡོད་པ་དང་། དེ་ནི་གཞོན་སྐྱེས་ཚོར་མཚོན་ན་ཐའེ་ཝན་གྱི་གནས་སྟངས་ཤེས་རྟོགས་ཡོང་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ཡང་། རྒྱ་ནག་གཞུང་གིས་ཁོང་ཚོའི་འགྲོ་འདུག་རང་དབང་ལ་བཀག་སྡོམ་བྱས་པ་དེ་ཁྲིམས་དང་འགལ་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག 

བསྐྱར་བཅོས།: ༢༠༡༩/༠༨/༠༧

Leave a Reply