ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་བུད་མེད་ཅིག་སྐུ་གྲོངས།

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཨ་རིའི་མི་རིགས་ནག་པོའི་བུད་མེད་ཐོག་མ་ལྕམ་ཊོ་ནེ་མོ་རེ་སན་ལགས་སྐུ་གྲོངས་བར་མི་མང་པོས་གདུང་སེམས་མཉམ་སྐྱེད་ཞུ་ཡི་འདུག

ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མོན་ཊེ་ཧྥའོ་རེ་སྨན་བཅོས་ལྟེ་གནས་ཁང་(Montefiore Medical Center)དུ། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མྱོང་མཁན་མི་རིགས་ནག་པོའི་བུད་མེད་རྩོམ་པ་པོ་གྲགས་ཅན་ལྕམ་ཊོ་ནེ་མོ་རེ་སན་(Toni Morrison)ལགས་དགུང་གྲངས་ ༨༨ ཐོག་སྐུ་གྲོངས་ཡོད་འདུག་ལ། ཁོང་མོ་ནི་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཐད་ཕྱོགས་སུ་མ་ལྷུང་བའི་བསམ་ཚུལ་ནུས་པ་ལྡན་པ་འདོན་མཁན་ཞིག་ཡིན་པ་མ་ཟད། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཨ་རིའི་མི་རིགས་ནག་པོའི་བུད་མེད་ཐོག་མ་དེའང་ཡིན་འདུག

ཁོང་མོའི་ཤུལ་ལུས་ནང་མི་ཚོས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མོ་རེ་སན་ལགས་ནི་ཧ་ཅང་བརྩེ་སེམས་ཅན་གྱི་ཨ་མ་ཞིག་དང་རྨོ་ལགས་ཤིག དེ་བཞིན་ཨ་ནེ་ལགས་(Aunt)ཤིག་བཅས་ཡིན། མོ་ཚིག་ལ་མཐོང་ཆེན་བྱེད་མཁན་ཞིག་ཡིན་པས། རྒྱུན་པར་རང་ཁྱིམ་དུ་དཔེ་ཀློག་བྱེད་པའམ་སློབ་མ་དང་མི་གཞན་ལ་དཔེ་དེབ་ཀློག་རྒྱུར་དགའ་པོ་ཡོད། ཁོང་མོ་འདས་གྲོངས་སུ་ཕྱིན་པ་ནི་གྱོང་གུད་ཆེན་པོ་ཞིག་ཡིན། འོན་ཀྱང་། མོས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བ་ནི་དགའ་འོས་པ་ཞིག་ཡིན། ང་ཚོར་དཀའ་ཁག་གི་སྐབས་སུ་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ལྕམ་ཊོ་ནེ་མོ་རེ་སན་ལགས་འདས་གྲོངས་སུ་ཕྱིན་རྗེས། གནད་ཡོད་མི་སྣ་དང་རྩོམ་ཡིག་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་སོགས་ནས་ཕངས་སེམས་ཆེན་པོས་གདུང་སེམས་མཉམ་སྐྱེད་ཞུས་འདུག སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གིས་ལྕམ་སྐུ་ཁོང་ནི་རྒྱལ་ཁབ་ཀྱི་ཁྱད་ནོར་ཞིག་ཡིན་ལ། མོའི་བརྩམས་སྒྲུང་དག་ནི་ང་ཚོའི་རྟོག་པ་དང་ཚོར་འདུ་ལས་བརྒལ་བའི་ནང་དོན་ཟབ་ལ་སྙན་ཆ་ལྡན་པ་ཡོད། ཅེས་གསུངས་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཕྱི་ལོ་ ༢༠༡༦ ལོའི་སྲིད་འཛིན་འོས་མི་བྷིར་ནི་སན་ཌར་(Bernie Sanders)ལགས་ཀྱིས། དེ་རིང་ང་ཚོས་ཨ་རིའི་སྙན་གྲགས་ཅན་གྱི་མི་ཞིག་གཏན་དུ་བོར་སོང་བས། ཁོང་མོ་ཞི་གནས་སུ་སྐྱེས་བར་ཤོག ཅེས་བརྗོད་འདུག

ལྕམ་ཊོ་ནེ་མོ་རེ་སན་ལགས་སུ་ཕྱི་ལོ་ ༡༩༩༣ ལོར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་དང་། དེ་ཡང་གཙོ་བོ་སྐབས་དེར་མོའི་བརྩམས་ཆོས་ཆེས་སྐྱོ་མདོག་གི་མིག་ཟུང་(Bluest Eye)ཞེས་པ་དེས་ཨ་རིའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནས་བབ་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་ཐེར་འདོན་བྱས་ཡོད་པ་དང་། མོས་ད་བར་བརྩམས་སྒྲུང་ ༡༡ ལྷག་དང་། བྱིས་སྒྲུང་སོགས་མང་པོ་བྲིས་ཡོད་པ་དང་། མོའི་བརྩམས་ཆོས་ཁག་གི་ཁྲོད་<སོ་ལོ་མོན་གྱི་མགུར་>(Song of Solomon)དང་<སྙིང་ཉེ>(Beloved)སོགས་ལ་སྔ་རྗེས་སུ་ཕྱི་ལོ་ ༡༩༧༧ དང་ ༡༩༨༨ ལོར་རྒྱལ་ཡོངས་རང་བཞིན་གྱི་གཟེངས་རྟགས་(Pulitzer Prize)སོགས་ཐོབ། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་སྐབས་དེའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་ཁོང་མོར་གནང་ཡོད་འདུག
ལྕམ་ཊོ་ནེ་མོ་རེ་སན་ལགས་ནི་ཕྱི་ལོ་ ༡༩༣༡ ཟླ་ ༢ ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཨོ་ཧཱ་ཡོ་ཡི་གྲོང་ཁྱེར་ལོ་རན་(Ohio, Lorain)ཞེས་པར་ཨ་རིའི་ཨ་ཧྥེ་རི་ཁའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། སློབ་ཆུང་དང་སློབ་འབྲིང་། དེ་བཞིན་མཐོ་སློབ་སོགས་ཀྱི་སྐབས། ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ངར་ཤུགས་རྒྱས་བཞིན་ཡོད་སྟབས། རྒྱུན་པར་ཟ་ཁང་དང་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ནང་མི་རིགས་དཀར་པོས་ཐུབ་ཚོད་རིམ་པ་མྱངས་ནས་ཡོང་ཡོད་ཀྱང་། མོས་དཀའ་སྡུག་གི་ལོ་ཟླ་དེ་དག་གོ་སྐབས་ཤིག་ལ་རྩིས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༤༩ ལོར་ཧོ་ཝར་ཌི་གཙུག་ལག་སློབ་གྲྭར་(Howard)ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཞིང་། ཕྱི་ལོ་ ༡༩༥༥ ལོར་ཨ་རིའི་ཁོ་ནལ་གཙུག་ལག་སློབ་གྲྭ་(Cornell)ཆེན་མོ་ནས་སྒྱུ་རྩལ་ཐོག་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ཨ་རིའི་ལྷོ་ཊག་ས་སི་གཙུག་ལག་སློབ་གྲྭ་(Texas Southern)ཆེན་མོ་རུ་དགེ་རྒན་གནང་། ཕྱི་ལོ་ ༡༩༥༨ ལོར་ཧ་རོལ་ཌི་མོ་རེ་སན་(Harold Morrison)ཞེས་པའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་ཏེ་བྱིས་པ་གཉིས་སྐྱེས། ཕྱིས་སུ་གཉེན་ཐོར་ཏེ་སླར་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ལས་སྒོར་ཞུགས་ཏེ། རྩོམ་སྒྲིག་པ་དང་ཉམས་ཞིབ་པ། དམིགས་བསལ་ནེའུ་ཡོག་ཁུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཏུ་དགེ་རྒན་གནང་སྟེ་ཨ་རིའི་སློབ་གསོའི་ཐད་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༩/༠༨/༠༧

Leave a Reply