༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ། 

རྒྱ་གར་གྱི་བུད་མེད་ཕྱི་སྲིད་བློན་ཆེན་དུས་ཡུན་རིང་ཤོས་ལྕམ་སྐུ་དམ་པ་སུ་ཤི་མཱ་སིཝ་རཱ་རྗེ་མཆོག་སྙིང་རྩ་འགག་སྟེ་གློ་བུར་དུ་སྐུ་གྲོངས་ཡོད་འདུགམདང་དགོང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སུ་ཤི་མཱ་སིཝ་རཱ་རྗེ་(Sushma Swaraj)མཆོག་སྙིང་རྩ་འགག་སྟེ། རྒྱ་གར་རྒྱལ་ཡོངས་གསོ་རིག་(All India Institute of Medical Sciences)སྨན་ཁང་དུ་གློ་བུར་སྐུ་གྲོངས་ཡོད་སྟབས། དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་སྐུ་ཟླ་(Kaushal Swaraj)ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་ཀྱིས་དཀའ་སྡུག་ཆེ་བའི་དུས་ཚོད་འདིར་འདས་པོའི་ཆེད་དུ་བསྔོ་བ་སྨོན་ལམ་དང་ཤུལ་ལུས་ནང་མི་ཚོར་སེམས་གསོ་ཞུ་བཞིན་ཡོད། བློན་ཆེན་དམ་པ་མཆོག་ནི་ཀུན་གྱིས་གུས་བཀུར་ཞུ་ས་ཞིག་དང་མི་མང་ལ་བྱམས་སེམས་ཆེན་པོས་ཐུགས་འཁུར་གནང་མཁན་ཞིག་ཡིན་ལ། ཁོང་མོས་སྤྱི་ཚོགས་ལ་ཞབས་ཞུ་ཞུས་ཏེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་རེད། ཅེས་གསུངས་འདུག

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(María Fernanda Espinosa)མཆོག་གིས་སྒེར་གྱི་ཊི་ཝི་ཊིར་སྤྱི་ཚོགས་དྲ་རྒྱའི་སྟེང་། བློན་ཆེན་སུ་ཤི་མཱ་སིཝ་རཱ་རྗེ་མཆོག་སྐུ་གྲོངས་བར་སེམས་ཧ་ཅང་སྐྱོ་བྱུང་ལ། ཁོང་མོ་ནི་ཆེས་ཁྱད་འཕགས་ཀྱི་བུད་མེད་ཅིག་དང་མི་ཚེ་སྤྱི་པའི་ཞབས་ཞུའི་ཐོག་བཏང་བའི་མགོ་འཁྲིད་ཅིག་ཡིན། དེ་སྔོན་རྒྱ་གར་ནང་འཚམས་གཟིགས་དང་འབྲེལ་ཁོང་མོར་ཐུག་འཕྲད་ཞུ་རྒྱུ་བྱུང་ལ། ངོས་ཀྱིས་བློན་ཆེན་མཆོག་གི་བརྩེ་བའི་ཤུལ་ལུས་ནང་མི་ཡོངས་ལ་སེམས་གཏིང་ནས་སེམས་གསོ་དང་། མ་འོངས་པར་ཁོང་མོ་གཏན་ནས་བརྗེད་མི་སྲིད་། ཅེས་གསུངས་འདུག

ལྕམ་སྐུ་མཆོག་གློ་བུར་སྐུ་གྲོངས་བའི་གནས་ཚུལ་ཐོན་རྗེས། འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་དབུ་འཁྲིད་དང་གནད་ཡོད་མི་སྣས་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་དེ་མྱ་ངན་དང་ཤུལ་ལུས་རྣམས་ལ་ཐུགས་གསོ་གནང་ཡོད་འདུག་ལ། རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ན་ཐི་ཀོ་ཝིན་དྷི་(Ram Nath Kovind)མཆོག་དང་སྲིད་བློན་མུ་དྷི་མཆོག་གི་དབུས་པའི་ཆེས་མཐོའི་དབུ་འཁྲིད་རྣམས་ཀྱིས་ལྕམ་སྐུ་དམ་པར་མྱ་ངན་གུས་འདུད་དང་། ཤུལ་ལུས་རྣམས་ལ་ཐུགས་གསོ་ཞུས་འདུག  བློན་སྲིད་མུ་དྷི་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་ལྕམ་སྐུ་མཆོག་སྐུ་གྲོངས་པ་ནི་རྒྱ་གར་གྱི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལེའུ་ཞིག་མཇུག་རྫོགས་པ་ཡིན་སྐོར་གསུངས་འདུགཁ་སང་སྔ་དྲོར་རྒྱ་གར་གྱི་བདེ་སྲུང་དང་དཔལ་འབྱོར། ཁྲིམས་ལུགས། འཕྲོད་བསྟེན། ཁོར་ཡུག  མཉམ་འབྲེལ་སོགས་ཀྱི་བློན་ཆེན་རྣམས་སྨན་ཁང་དུ་ལྕམ་སྐུ་མཆོག་ལ་གཟིགས་པར་ཕེབས་ཡོད་པ་དང་། བྷེ་ཇི་པི་སྲིད་དོན་ཚོགས་པའི་འགན་འཛིན་ནཱ་དྷ་(Jagat Prakash Nadda)ལགས་ནས་སྔ་དྲོར་ཧ་ཅང་བདེ་ཐང་ཡིན་ན་ཡང་།གློ་བུར་དུ་ཁོང་མོ་སྐུ་གྲོངས་བའི་གནས་ཚུལ་འབྱོར་བྱུང་བ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཧ་ཅང་ཡིད་སེམས་སྐྱོ་བའི་གྱོང་གུད་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུག

ལྕམ་སྐུ་དམ་པ་སུ་ཤི་མཱ་སིཝ་རཱ་རྗེ་མཆོག་ནི་ད་ལོར་དགུང་ལོ་ ༦༧ ཡིན་ཞིང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བུད་མེད་གཉིས་པ་དང་སྲིད་ཞུའི་དུས་དུན་ཆ་ཚང་ཞུས་མྱོང་མཁན་གྱི་བུད་མེད་གཅིག་པུ་དེ་ཡིན་འདུག ཁོང་མོས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་པའི་རིང་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་ཕྱག་ལས་དོན་ཕན་ལྡན་གནང་ཡོད་པ་མ་ཟད། མི་མང་གི་བདེ་སྡུག་དང་ལྷག་པར་དུ་རྒྱ་གར་རིགས་སྐྱོ་བོ་དང་གྲངས་ཉུང་མི་རིགས་ཁག་གི་ལས་དོན་ཐད་འགན་འཁུར་ཆེན་པོས་ཕྱག་ལས་གནང་ཡོད་སྟབས། རྒྱ་གར་གྱི་མཐོ་རིམ་མགོ་འཁྲིད་དང་ཆབ་སྲིད་པ་ཚོས་གུས་བརྩི་ཆེན་པོ་ཐོབ་ཡོད་འདུག

ལྕམ་སྐུ་མཆོག་གི་ཡོངས་ཁྱབ་ཀྱི་ཆེས་མཐའ་མཇུག་གི་སྐད་ཆ་ནི་དེ་རིང་ཁ་སང་རྒྱ་གར་གྲོས་ཚོགས་ནང་འགྲོ་བཞིན་པའི་ཇ་མུ་ཀཱ་ཤི་མུར་གནད་དོན་སྐོར་གྱི་རྩ་ཁྲིམས་དོན་ཚན་ ༣༧༠ དང་༣༥ ཀ་པ་གཉིས་ཕྱིར་བསྡུ་བྱས་པའི་སྐོར་ཡིན་འདུག སྐུ་མ་གྲོངས་སྔོན་གྱི་ཆུ་ཚོད་གསུམ་ཡས་མས་ཀྱི་གོང་ལ་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝི་ཊིར་ཐོག སྲིད་བློན་མུ་དྷི་མཆོག་ལ་ཐུགས་རྗེ་ཤིན་ཏུ་ཆེ། རྒྱ་གར་གཅིག་གྱུར་གྱི་གནད་དོན་ནི་ང་ཚོ་ཚང་མའི་རྨི་ལམ་ཡིན་པས། ངས་ད་བར་དུ་ཉིན་མོ་དེར་བསྒུགས་བསྡད་པ་ཡིན། ཞེས་གསུངས་འདུགདམ་པ་སུ་ཤི་མཱ་སིཝ་རཱ་རྗེ་མཆོག་ནི་ཕྱི་ལོ་ ༡༩༥༢ ལོའི་ཟླ་ ༢ ཚེས་ ༡༤ ཉིན་རྒྱ་གར་ཧཱར་ཡ་ནཱ་མངའ་སྡེའི་ཨམ་བྷ་ལཱ་རུ་སྐྱེས་ཤིང་། སཱན་ཊ་དྷར་མཱ་མཐོ་སློབ་དུ་སྤྱི་ཚོགས་ཚན་རིག་ཐོག་རབ་འབྱམས་པའི་སློབ་ཐོན་གནང་ཡོད་པ་དང་། པན་རྗབ་རྒྱལ་ཡོངས་གཙུག་ལག་སློབ་ཆེན་དུ་ཁྲིམས་ལུགས་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༣ ལོ་ནས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་པའི་ལས་ཀ་བྱེད་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༡༩༧༧ ལོ་ནས་ ༡༩༨༢ བར་ཧར་ཡཱ་ནཱ་མངའ་སྡེའི་གྲོས་ཚོགས་འཐུས་མི་གནང་།  ཕྱི་ལོ་ ༧༩ ལོ་ནས་ཧར་ཡཱ་ནཱ་མངའ་སྡེའི་བྷེ་ཇི་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོ་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གནང་།  ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་རྒྱལ་གར་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༠༧

Leave a Reply