སྐབས་དང་པོའི་ན་གཞོན་གཟེངས་རྟགས་འཆི་མེད་ལྷ་མོ་ལགས་སུ་ཐོབ།

བོད་ཀྱི་ན་གཞོན་གཟེངས་རྟགས་དེ་ཤེས་འཇོན་ལྷག་བསམ་ཅན་གྱི་གཞོན་སྐྱེས་ཚོའི་ནུས་པ་འདོན་སའི་ཚད་ལྡན་གྱི་སྡིངས་ཆ་ཞིག་ཏུ་འགྱུར་བར་ཚང་མས་རྒྱབ་སྐྱོར་གནང་རོགས་ཟེར།ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༤༠ ཙམ་གྱི་སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གི་དབུས་པའི་དྷ་རམ་ས་ལའི་ས་གནས་མགོ་འཛིན་ལགས་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལགས། དེ་བཞིན། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི། དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་གཙོས་དྷ་སའི་སེར་སྐྱ་མི་མང་ཁག་ཅིག་བཅས་འཛོམས་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་ནས་བོད་ཀྱི་ན་གཞོན་བུད་མེད་འཆི་མེད་ལྷ་མོ་ལགས་ལ་ལོ་ ༢༠༡༩ ལོའི་སྐབས་དང་པོའི་ན་གཞོན་གཟེངས་རྟགས་དང་བྱ་དགའ་ཧིན་སྒོར་འབུམ་གཅིག་གནང་སོང་།

གཟེངས་རྟགས་ཐོབ་རྗེས་འཆི་མེད་ལྷ་མོ་ལགས་ཀྱིས།་ དེ་རིང་དམིགས་བསལ་ཞུ་རྒྱུར་ཉེ་བའི་ཆར་ང་རང་བོད་ཀྱི་ན་གཞོན་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཚུད་དེ་མཐའ་མཇུག་གཟེངས་རྟགས་འདི་ང་ལ་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། དེ་ཡང་གཙོ་བོ་རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པའི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་དང་། ཡང་སྒོས་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་གུས་མོར་རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས། ངས་སེམས་གཏིང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་པ་དང་སྦྲགས། དམིགས་བསལ་འོས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བོད་པའི་མི་རབས་གསར་པ་ཚོར་ཐོག་མཐའ་བར་གསུམ་ནས་མིག་དཔེ་དང་གོ་སྐབས་ཀྱི་ཁོར་ཡུག་བསྐྲུན་པར་ན་གཞོན་གཟེངས་རྟགས་ཀྱི་གོ་སྒྲིག་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་ཡིན། དྲང་པོ་བཤད་ན་ང་འཚར་ལོངས་བྱུང་ས་དེ་དབྱིན་ཇིའི་སློབ་གྲྭ་དང་དེའི་རྗེས་ནས་ཁེ་ན་ཌར་གནས་སྤོར་བྱས་པ་ཡིན། དེར་བརྟེན། ང་རང་གི་བོད་སྐད་ཡག་པོ་མེད་ནའང་གང་ཐུབ་ཐུབ་བཤད་པར་འབད་པ་བྱེད་བཞིན་ཡོད་ལ། དེ་བཞིན། སྤྱི་ཚོགས་ནང་ངའི་གདོང་པ་འདི་གསར་པ་ཡིན་པ་དང་ངའི་ལས་ཀའང་བྱས་པ་ལས་བྱ་རྒྱུ་མང་པོ་ལྷག་བསྡད་ཡོད་པས། དེ་རིང་གི་ཉམས་མྱོང་འདི་བརྒྱུད་སེམས་ཤུགས་ཞེ་དྲགས་སྐྱེས་བྱུང་། ངས་གང་ཐུབ་ཅི་ཐུབ་ཀྱིས་བོད་པའི་ན་གཞོན་ཚོར་མིག་དཔེ་ཞིག་འཇོག་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན། ཞེས་བརྗོད་སོང་།གཟེངས་རྟགས་ཀྱི་སྐོར་ལ་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལགས་ཀྱིས། དེ་རིང་དམིགས་བསལ་སྐབས་དང་པོའི་ན་གཞོན་གཟེངས་རྟགས་འདི། བོད་པའི་གཞོན་སྐྱེས་ཚོར་སྐུལ་སློང་དང་སེམས་ཤུགས་སྤར་རྒྱུ། དམིགས་བསལ་འབུར་དུ་ཐོན་པའི་གཞོན་སྐྱེས་ཚོར་ཆེ་མཐོང་དང་ངོས་འཛིན་བཅས་ཡོང་སླད། ཉེ་བའི་ཟླ་ ༣ མ་ཟིན་ཙམ་རིང་མང་པོ་ཞིག་གིས་དཀའ་ལས་བརྒྱབས་ནས་ཡོང་བ་ཞིག་ཆགས་ཡོད། དེ་རིང་འདིར་མི་མང་དང་སློབ་མ་སོགས་ང་ཚོ་ཚང་མའི་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འཛོམས་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ད་རེས་ན་གཞོན་གཟེངས་རྟགས་ཁོངས་ཀྱི་འོས་མི་ལྔ་བོ་ཤེས་འཇོན་ལྷག་བསམ་ཅན་ཤ་སྟག་ཡིན་པ་དང་། ཁོང་རྣམ་པའི་དཀའ་སྡུག་དང་ཉམས་མྱོང་ལས་ང་ཚོ་ཚང་མར་སྦྱོང་དགོས་པ་དང་སེམས་ཤུགས་སྐྱེད་ཐུབ་པ་མང་པོ་ཡོད་སྐོར། དེ་བཞིན། ཐེངས་འདིའི་སྐབས་དང་པོའི་ན་གཞོན་གཟེངས་རྟགས་དེ་དམིགས་ཡུལ་དང་རེ་བ་ཇི་བཞིན་ལེགས་འགྲུབ་བྱུང་བ་ནང་བཞིན། མ་འོངས་པར་ཤེས་འཇོན་ལྷག་བསམ་ལྡན་པའི་གཞོན་སྐྱེས་མང་པོ་ཞིག་ལ་སོ་སོའི་དམིགས་ཡུལ་དང་ནུས་པ་འདོན་སའི་སྡིངས་ཆ་ཚད་ལྡན་ཞིག་ཏུ་འགྱུར་བར་མི་མང་ཚང་མས་ཐུགས་འཁུར་བཞེས་པའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་དྲུང་ཆེ་དང་ན་གཞོན་གཟེངས་རྟགས་ཀྱི་གཙོ་འགན་འཁུར་མཁན་ཉི་འོད་ལགས་ཀྱིས་བརྗོད་པ་ལྟར་ན། ད་རེས་ན་གཞོན་གཟེངས་རྟགས་ཀྱི་འོས་འདེམས་ཁྲོད། འོས་མི་ལྔ་བྱུང་བ་ནི་ཐོག་མར་བོད་ཀྱི་སློབ་མའི་ཚོགས་སྡེ་ཁག་ ༢༡ གིས་འོས་མི་བཏོན་པ་ནས་བྱུང་བ་ཞིག་དང་། འོས་ཤོག་དྲ་ལམ་བརྒྱུད་མི་མང་གི་ལག་ཏུ་འོས་གྲངས་བརྒྱ་ཆ་ ༤༠ དང་། གཟི་དཔང་ཚོའི་ལག་ཏུ་འོས་གྲངས་བརྒྱ་ཆ་ ༦༠ ཡོད་པ་དང་། ཨང་དང་པོ་ཐོབ་མཁན་འཆི་མེད་ལྷ་མོ་ལགས་སུ་འོས་གྲངས་ ༨༤ དང་ཨང་གཉིས་པ་ཐོབ་མཁན་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་འོས་གྲངས་ ༨༢ དང་། ཨང་གསུམ་པ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་བཅས་ཆགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༡༢

Leave a Reply

3 thoughts on “སྐབས་དང་པོའི་ན་གཞོན་གཟེངས་རྟགས་འཆི་མེད་ལྷ་མོ་ལགས་སུ་ཐོབ།

  1. འདི་ལོའི་བོད་པའི་ཕུལ་བྱུང་ན་གཞོན་གཟེང་རྟགས་དེ་ནུབ་གླིང་ཁ་ཎ་ཊར་གནས་བཞུགས་གཞོན་སྐྱེས་འཆི་མེད་ལྷ་མོར་ཐོབ་པ་ནི་ཆེས་དགའ་འོས་པ་ཞིག་རེད། གང་ལགས་ཟེར་ན་ཁོང་གི་རང་མི་རིགས ལ་བཅངས་པའི་དུང་བ་ནི་རྣམ་དཔྱོད་ལྡན་ལ་ཁོག་རྒྱ་ཡང་ཤིང་རྒྱུ་མཚན་དང་ལྡན་པ་ཅི་ལ་མིན། དེ་འདྲ་སོང་གུས་པས་སྙིང་དབུས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་ལགས། མ་ཟད་སླད་མར་ཡང་ཁོང་དང་ཁོང་འདྲ་བའི་ན་གཞོན་ཤེས་རྒྱ་ཆེ་ལ་རང་རིགས་ལ་དུང་བ་ཟབ་པའི་གཞོན་སྐྱེས་རྫོགས་མཐའ་མེད་པ་ཡོང་བའི་སྨོན་འདུན་ཞུ།

  2. ༄།འཆི་མེད་ལྷ་མོ་ལགས་།རྒྱ་གཞུང་གི་གནོན་ཤུགས་དང་ཆོལ་ཁའི་གནོན་ཤུགས་གཉིས་ཀྱི་མདུན་ནས་ཁྱོད་ལ་རྒྱལ་ཁ་ཐེངས་གཉིས་ཐོབ་པ་མཚམས་འདྲི་ཞུ།།