རྒྱ་ནག་ནང་མཚོ་རླུང་གིས་མི་མང་པོར་ཤི་རྨས་ཐེབས།

རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་དུ་མཚོ་རླུང་དྲག་པོ་ལྡང་སྟེ་མི་མང་པོར་ཤི་རྨས་དང་ཆུ་ལོག་རྐྱེན་གྱིས་མི་གྲངས་ས་ཡ་མང་པོ་གནས་སྤོར་བྱ་དགོས་བྱུང་ཡོད་འདུག

དེ་རིང་བྷེ་བྷེ་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་རྒྱ་ནག་ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ་བཅས་ཀྱི་མཚོ་ཁུལ་ནས་མཚོ་རླུང་ལའེ་ཁེ་མཱ(Typhoon Lekima)ལྡང་སྟེ། གྲོང་ཁྱེར་ཁག་ཏུ་ཆུ་ལོག་བརྒྱབ་ནས་མི་གྲངས་ ༤༤ རྐྱེན་འདས་དང་མི་ ༢༠  ལྷག་བོར་བརླགས་སུ་ཕྱིན་ཡོད་པ་དང་། ཆུ་ལོག་དང་རླུང་འཚུབ་རྐྱེན་གྱིས་ཤིང་སྡོང་དང་ཞིང་ཁ། སྡོད་ཁང་ ༣༤༠༠༠ ལྷག་ལ་གཏོར་བཅོམ་དང་། ཀྲེ་ཅང་གྲོང་ཁྱེར་སོགས་ནས་མི་གྲངས་ས་ཡ་ ༥ ལྷག་ས་ཆ་གཞན་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཕྱི་ཚེས་ ༡༡ ཉིན་དང་ ༡༢ ཉིན་གྱི་ཕྱི་དྲོ་སོགས་སུ་མཚོ་རླུང་ལྡང་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་གཞུང་ངོས་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་མཁན་དང་མེ་གསོད་རུ་ཁག་སོགས་ ༢༢༤༥༦ ཙམ་བཏང་སྟེ་མི་མང་ལ་ཉེན་སྐྱོབ་བྱེད་བཞིན་ཡོད་པ་དང་། མི་གྲངས་ ༡༠༧༢ ལྷག་ཉེན་ཁ་ནས་སྐྱོབ་ཐུབ་ཡོད་ན་ཡང་། ཆུ་ལོག་རྐྱེན་གྱིས་ས་ཁུལ་ཁ་ཤས་ད་དུང་ཛ་དྲག་གི་གནས་སྟངས་འོག་ཡོད་སྐོར་བརྗོད་འདུག 

ཡང་རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་ཐེངས་འདིའི་མཚོ་རླུང་གི་མགྱོགས་ཚད་ཆུ་ཚོད་གཅིག་ནང་སྤྱི་ལེ་ ༡༨༧ (187km/h) ཡིན་པ་དང་། མཚོ་རླུང་དེ་ནི་འདས་པའི་ལོ་རྒྱུས་ཁྲོད་ཀྲེ་ཅང་ཞིང་ཆེན་ལ་བརྒྱབ་པའི་མཚོ་རླུང་ཤུགས་ཆེ་ཤོས་གསུམ་པ་དེ་ཡིན་སྐོེར་བརྗོད་ཡོད་འདུག ད་ལྟའི་ཆེ་ཧྲང་ཧེ་སོགས་སུ་གནམ་གྲུ་འཕུར་མཚམས་བཞག་ཡོད་པ་དང་། ཀྲེ་ཅང་ལའེ་ཧཱ་(Linhai)གྲོང་ཁྱེར་ཕྱེད་ཀ་ཆུས་ནང་འཐིམས་ཡོད་འདུག

བྷེ་བྷེ་སི་གསར་ཁང་གི་བཏོན་པའི་གནས་ཚུལ་ནང་། ཐེངས་འདིར་མཚོ་རླུང་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་མི་ཕལ་ཆེ་བ་ཀྲེ་ཅང་ཝཱན་ཀྲོ(Wenzhou)གྲོང་ཁྱེར་ནས་ཡིན་པ་དང་། རྐྱེན་འདས་སུ་འགྲོ་དོན་ས་ཁུལ་དེ་དག་ཏུ་ས་ཉིལ་བྱུང་བ་དང་། ཆུ་མཛོད་ཤོར་བ་སོགས་ཀྱིས་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིའི་མཚོ་རླུང་དོན་རྐྱེན་ཁྲོད་ཨ་སྒོར་ཐེར་འབུམ་ ༡།༧ ཙམ་གྱི་གྱོང་གུད་ཕོག་ཡོད་སྐོར་བརྗོད་འདུག

མཚོ་རླུང་དེས་ཐའེ་ཝན་གླིང་ཕྲན་ལ་ཡང་ཅུང་ཙམ་བརྒྱབ་སྟེ། མི་རེ་གཉིས་ལ་རྨས་སྐྱོན་དང་སྡོད་ཁང་སོགས་ལ་གཏོར་བཅོམ་ཅུང་ཙམ་བྱུང་ཡོད་ན་ཡང་ཤུགས་ཆེན་པོ་ཐེབས་མེད་པ་དང་། རྒྱལ་སྤྱིའི་གནམ་གཤིས་ཆེད་མཁས་པ་ཚོས་ད་ལྟའི་ཆར་མཚོ་རླུང་དེ་རྒྱ་ནག་གི་ནུབ་ཁུལ་དུ་འཁོར་གྱི་ཡོད་པས་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དང་ཧྲན་ཏོང་སོགས་ལ་རྒྱག་རྒྱུའི་ཉེན་ཁ་ཡོད་པ་དང་། བདུན་ཕྲག་རྗེས་མའི་ནང་མཱ་རཱའེ་ནཱ་དང་གྷོམ་(Mariana Islands and Guam)གླིང་ཕྲན་དང་། ཉི་ཧོང་མཚོ་ཁུལ་དུ་ལྡང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

སྤྱིར་འདི་ལོ་རྒྱ་ནག་ནང་དྲག་ཆར་དང་མཚོ་རླུང་སོགས་ཀྱིས་གྲོང་ཁྱེར་མང་པོ་ཞིག་ལ་རང་བྱུང་གི་གནོད་འཚེ་ཤུགས་ཆེན་པོ་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་དབུས་དང་ལྷོ་བརྒྱུད་ས་ཁུལ་ཁག་གི་ནང་དྲག་ཆར་དང་རླུང་འཚུབ་བསྟུད་མར་ལྡང་སྟེ།  རྒྱ་ནག་ཀུང་ཤི་ (Guangxi) ས་ཁུལ་དུ་མི་གྲངས་ ༦ རྐྱེན་འདས་དང་གཞན་མི ༡ བོར་བརླག་ཏུ་ཕྱིན་ཡོད་པ་དང་། མི་གྲངས་ཁྲི་ ༩ ཙམ་ཡུལ་དངོས་ནས་གནས་སྤོ་བྱ་དགོས་བྱུང་ཡོད་པ་རེད།

ལའེ་ཁེ་མཱ་མཚོ་རླུང་ནི་ད་ལྟའི་ཆར་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ལྡང་བཞིན་པའི་མཚོ་རླུང་གཉིས་ཁྲོད་ཀྱི་གཅིག་ཡིན་པ་དང་། མཚོ་རླུང་དེ་ནི་འདི་ལོ་གཅིག་པུར་རྒྱ་ནག་མཚོ་ཁུལ་དུ་བརྒྱབ་པའི་མཚོ་རླུང་དགུ་པ་དང་ཤུགས་ཆེ་ཤོས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༡༢

Leave a Reply

One thought on “རྒྱ་ནག་ནང་མཚོ་རླུང་གིས་མི་མང་པོར་ཤི་རྨས་ཐེབས།

  1. གཞུང་པ་ཚེ་དབང་བསོད་ནམས་

    འབྱུང་བའི་གནོད་འཚེ་མི་གིས་བྱེད་ལས་འོག།
    ཧམ་ཆེན་མི་གིས་འདོད་བརྔམས་ནག་པོའི་འོག།
    རང་མེད་རོགས་མེད་འཇིག་རྟེན་ཕུང་མཁན་ལ།
    འབྱུང་བཞིའི་ལྷ་མོའི་གཟིགས་པ་ནོར་མི་ཉན།