ཧོང་ཀོང་ནས་འཕུར་མཁན་གནམ་གྲུ་ཚང་མ་ཕྱིར་འཐེན་བྱས།

ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་བོད་མི་དང་ཡུ་གུར་བ་སོགས་དམངས་གཙོ་དོན་གཉེར་བ་མི་གྲངས་ ༡༠༠ ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བར་རྒྱབ་སྐྱོར་བྱས་འདུགདེ་རིང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་སྟོང་ཕྲག་དུ་མ་ཧོང་ཀོང་གནམ་ཐང་དུ་འཛོམས་ཏེ་ཉེན་རྟོག་པའི་རྩུབ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། ས་གནས་དེའི་ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་ཧོང་ཀོང་མཁའ་འགྲུལ་ཞབས་ཞུ་ཁང་གིས་ཧོང་ཀོང་ནས་ཕྱི་ཕྱོགས་སུ་འཕུར་མཁན་གྱི་གནམ་གྲུ་ཚང་མ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ཧོང་ཀོང་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་འཚེ་བའི་བྱ་སྤྱོད་སྤེལ་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། ལས་འགུལ་བས་ཉེན་རྟོག་པའི་ཐོག་ལ་སྣུམ་གྱི་འབར་རྫས་དང་སོ་ཕག་འཕངས་པའི་རྐྱེན་གྱིས་འགའ་ཤས་ལ་རྨས་སྐྱོན་ཐེབས་ཡོད་སྐོར་སོགས་བརྗོད་ཡོད་འདུག ཡིན་ནའང་། ཧོང་ཀོང་ནང་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། ཉེན་རྟོག་པས་ལས་འགུལ་བའི་ཐོག་ལ་ཚད་ལས་བརྒལ་བའི་དྲག་པོའི་ཐབས་ལམ་སྤྱད་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མི་དང་ཡུ་གུར་བ། དེ་བཞིན་ཐའེ་ཝན་དང་ཧོང་ཀོང་ནས་ཡིན་པའི་དམངས་གཙོ་དོན་གཉེར་བ་བཅས་མི་གྲངས་ ༡༠༠ ལྷག་གིས། སྟོད་གོས་ནག་པོ་གྱོན་ཞིང་ཉི་གདུགས་སེར་པོ་འཁུར་ཏེ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་མན་ཧ་ཊན་ས་ཚིགས་བར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ཧོང་ཀོང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཁྲོམ་སྐོར་ནང་ཞུགས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། དེ་རིང་ང་འདིར་ལངས་དགོས་དོན་ནི་སྔར་བས་ཤུགས་ཆེན་པོའི་སྒོ་ནས་ཧོང་ཀོང་གི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན། ད་ལྟ་ང་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་རང་དབང་དང་དམངས་གཙོ་རྩོད་རྒྱུའི་དུས་ལ་བབས་ཡོད། ཅེས་དང་། འདས་པའི་ལོ་ངོ་ ༦༠ ཡི་རིང་ནས་བོད་ནང་གི་བོད་མི་ཚོས་མུ་མཐུད་ང་ཚོའི་རང་དབང་རྩོད་བཞིན་ཡོད་ལ། དུས་ད་ལྟ་ཡང་ཁོང་ཚོས་རང་དབང་འཐོབ་རྒྱུའི་རེ་བ་དོར་མེད། དེ་རིང་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ལྟ་ཧོང་ཀོང་མི་མང་གི་རྒྱབ་ལ་ལངས་རྒྱུ་དང་། ཡང་དག་པའི་བྱ་བ་གཉེར་རྒྱུ། དེ་བཞིན་རང་ཉིད་ལོ་རྒྱུས་ཀྱི་བདེན་པའི་ཕྱོགས་ལ་ལངས་ཡོད་པ་གསལ་སྟོན་བྱེད་རྒྱུའི་དུས་ལ་བབས་ཡོད་པ་བཤད་དགོས། ཞེས་བརྗོད་འདུགདེ་བཞིན་ཁ་ན་ཌར་སྐྱེས་པའི་ཐའེ་ཝན་རང་དབང་ལས་འགུལ་ཚོགས་པའི་ (Keep Taiwan Free Group) གྷོ་ལོ་རི་ཡ་ཧུ་ (Gloria Hu) ཡིས། ཧོང་ཀོང་གི་རྒྱ་ལམ་སྟེང་གི་སློབ་མ་དང་། ཕ་མ། རྒན་རྒོན་རྣམས་ཀྱི་མི་རབས་བརྒྱུད་པའི་འགོག་རྒོལ་གྱི་གཏམ་རྒྱུད་ཀྱིས་ང་ཚོར་སྤོབས་པ་བྱིན་ཡོད། ང་ཚོ་མང་པོ་ཞིག་ལ་མཚོན་ན་ད་ལན་གྱི་རང་དབང་འཐབ་རྩོད་འདི་དབྱར་དུས་འདི་ཁོ་ནའི་རིང་མིན་པར། ང་ཚོ་སྐྱེས་བ་ནས་བཟུང་ང་ཚོའི་ནང་མི་དང་སྤྱི་ཚོགས་ཀྱིས་རང་ཉིད་གང་དུ་སྐྱེས་མིན་དང་གང་དུ་ཡོད་མེད་ལ་མ་ལྟོས་པར་དུས་ནམ་ཡང་རང་མི་རིགས་ཀྱི་འགོག་རྒོལ་སྙིང་སྟོབས་སེམས་ལ་འཆང་དགོས་པ་བསླབས་ཡོད་པས། ང་ཚོ་ནི་འཐབ་རྩོད་ཀྱི་ཁོར་ཡུག་ནང་སྐྱེས་ཡོད། དེའི་རྐྱེན་གྱིས་ང་ཚོས་རང་ཉིད་གང་དུ་ཡོད་ཀྱང་ང་ནི་གདེང་སྤོབས་ཅན་གྱི་ཐའེ་ཝན་བ་དང་། ཧོང་ཀོང་བ། བོད་མི་ཞིག་ཡིན་ཞེས་བརྗོད་ཐུབ་ཀྱི་ཡོད། ཅེས་སོགས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་ཧོང་ཀོང་གི་ན་གཞོན་ལས་འགུལ་བ་བརྒྱ་ཕྲག་མང་པོས་ས་ཁུལ་འདྲ་མིན་ནང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། སྔར་དང་མི་འདྲ་བར་ལས་འགུལ་བ་རྣམས་ཆ་བགོས་ཀྱིས་གཞུང་ལམ་དང་། མཚམས་རེར་ཉེན་རྟོག་ལས་ཁུངས། ཡང་སྐབས་རེར་མེ་འཁོར་ས་ཚིགས་བཅས་སུ་སྐབས་བསྟུན་ལས་འགུལ་སྤེལ་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བའི་ཐོག་ལ་བསྟུད་མར་མིག་ཆུའི་དུག་རླངས་གཡུགས་པ་དང་འགྱིག་མདའ་འཕངས་བ་སོགས་དྲག་པོའི་ཐབས་ལམ་བཀོལ་ཡོད་པ་མ་ཟད། ལས་འགུལ་བ་འགའ་རེ་འཛིན་བཟུང་ཡང་བྱས་ཡོད་འདུགཡང་བརྒྱུད་ལམ་དུ་ཐོན་པའི་ཁ་སང་གི་ཡུལ་དངོས་ཀྱི་བརྙན་ཐུང་ནང་། སྟོད་གོས་ནག་པོ་དང་རང་སྲུང་ཞྭ་མོ་སེར་པོ་གྱོན་པའི་མི་སྐོར་ཞིག་གིས་ལས་འགུལ་བར་བརྫུས་ཏེ། དྲག་ཆས་གྱོན་པའི་ཉེན་རྟོག་པར་ངོ་རྒོལ་བ་འཛིན་བཟུང་བྱེད་རྒྱུར་རོགས་འདེགས་བྱེད་བཞིན་པ་དང་། སྐབས་དེར་གསར་འགོད་པ་ཞིག་གིས་ཁོ་ཚོར་ཉེན་རྟོག་པ་ཡིན་མིན་འདྲི་སྐབས་ཡ་ལན་གང་ཡང་མ་སྤྲད་པར་གསར་འགོད་པ་རྣམས་འཁྲིས་ལ་བཅར་མི་ཆོག་སྐོར་རྗོད་བཞིན་པ་མཐོང་རྒྱུ་འདུག

ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ལོ་རྒྱུས་ཁྲོད་ཀྱི་གཞི་རྒྱ་ཆེ་ཤོས་ཀྱི་ངོ་རྒོལ་ལས་འགུལ་དེ་འདས་པའི་ཟླ་ ༤ ལྷག་རིང་རིམ་བསྟུད་ཀྱིས་སྤེལ་ཡོད་པ་དང་། ཨ་རི་དང་ཨོ་གླིང་། ཁ་ན་ཌ། ཡུ་རོབ་སོགས་རྒྱལ་ཁབ་མང་པོའི་ནང་དུའང་ཕྱི་སྡོད་ཧོང་ཀོང་བ་གཙོས་པའི་འགྲོ་བ་མིའི་ཚོགས་སྡེ་དང་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་གིས། ཧོང་ཀོང་བའི་ན་གཞོན་ལས་འགུལ་བ་རྣམས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མུས་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཧོང་ཀོང་བ་སྐོར་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ་ཧོང་ཀོང་ནང་གི་གནས་སྟངས་དང་འབྲེལ་བའི་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༡༢

Leave a Reply