ཐའེ་ཝན་གྱིས་མཉམ་འབྲེལ་རྒྱལ་ཚོཊ་ལ་སྐྱོན་བརྗོད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐའེ་ཝན་དང་རྒྱ་ནག་ཐ་དད་ཡིན་པའི་དོན་དངོས་དེ་ངོས་ལེན་མ་བྱས་བར་དུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བསྒྲགས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ཊེ་ཝི་ཊིར་སྟེང་། འཛམ་གླིང་ནང་མཚན་མཐུན་གཉེན་སྒྲིག་ལ་ངོས་འཛིན་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་བཀོད་པའི་ཁྲོད། ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད་པར་བརྟེན། ཁ་སང་ཐའེ་ཝན་ཕྱི་སྲིད་ལྷན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་སོའི་ནོར་འཁྲུལ་ངོས་ལེན་བྱེད་དགོས་སྐོར་གྱི་བསྒྲགས་གཏམ་སྤེལ་འདུག་ལ། ཐའེ་ཝན་རང་བཙན་འཐབ་རྩོད་པ་མང་པོ་ཞིག་གིས་ཊེ་ཝི་ཊིར་སྟེང་རྒྱལ་ཚོགས་ལ་སྐྱོན་བརྗོད་བྱེད་བཞིན་འདུག  ཡིན་ནའང་།རྒྱལ་ཚོགས་ཀྱི་ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ད་ལྟའི་བར་ལན་འདེབས་བྱས་པའི་གནས་ཚུལ་གོ་ཐོས་མི་འདུག

ཐའེ་ཝན་ཕྱི་སྲིད་ལྷན་ཁང་གི་བསྒྲགས་གཏམ་དེའི་ནང་། ཐའེ་ཝན་ཀྱི་གནས་བབ་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་ལྷུང་བྱས་ཏེ། རྒྱ་ནག་གི་རྒྱབ་ཏུ་ལངས་པ་དེས་འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ལ་བསྒྱུར་བཞིན་ཡོད་པ་དང་། རྒྱལ་ཚོགས་ཀྱིས་ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ལ་ངོས་འཛིན་བྱས་པ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལམ་ནོར་དུ་འཁྲིད་བཞིན་ཡོད་པ་ཞིག་ཡིན་པ་མ་ཟད། རྒྱལ་ཚོགས་ཀྱི་ཕྱོགས་རིས་མེད་པའི་ལངས་ཕྱོགས་དང་བཅའ་ཁྲིམས་དང་འགལ་གྱི་ཡོད། ཅེས་བརྗོད་འདུག

རྒྱལ་ཚོགས་ཀྱིས་ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱས་པའི་གནས་ཚུལ་དེ་ཐོག་མར་ཁོ་ཚོའི་ངོ་དེབ་སྟེང་སྤེལ་ཡོད་ཀྱང་། ཐའེ་ཝན་གཞུང་གིས་དེ་ལ་ངོ་རྒོལ་བྱས་རྗེས་ཕྱིར་འཐེན་བྱས་ཡོད་འདུག ཡིན་ཡང་། ཕྱི་ཚེས་ ༡༠  ཉིན་སླར་ཡང་ཊེ་ཝི་ཊིར་སྟེང་བཀོད་ཡོད་སྟབས། ཐའེ་ཝན་གཞུང་གིས་ནོར་འཁྲུལ་བཟོ་བཅོས་མ་བྱས་བར་དུ་ངོ་རྒོལ་བྱ་རྒྱུ་ཡིན་པ་མ་ཟད། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཡང་ཐའེ་ཝན་གྱི་བསྒྲགས་གཏམ་ནང་།  དོན་དངོས་ཐོག་ཐའེ་ཝན་ནི་མཚན་མཐུན་གཉེན་སྒྲིག་ཐོག་གྲོས་བསྡུར་དང་གུ་ཡངས་ཆེ་བའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཐའེ་ཝན་ནི་ཨེ་ཤ་ཡའི་གཉེན་སྒྲིག་གི་ཐོབ་ཐང་འདྲ་མཉམ་ཡིན་པའི་རྒྱལ་ཁབ་ཐོག་མ་དེ་ཡིན། ཞེས་དང་། སྲིད་དབང་སྒེར་གཅོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་ནག་ལྟ་བུར་འབྲེལ་བ་གང་ཡང་མེད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐའེ་ཝན་དང་རྒྱ་ནག་ཐ་དད་ཡིན་པའི་དོན་དངོས་དེ་དབྱེ་འབྱེད་བྱེད་དགོས་ཡོད། ཅེས་དང་། རྒྱ་ནག་ནང་མཚན་མཐུན་གཉེན་སྒྲིག་ནི་ཁྲིམས་འགལ་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་བཀག་སྡོམ་བྱེད་བཞིན་ཡོད་པ། དེ་བཞིན། ཕྱོགས་གཞན་ཞིག་ནས་ཐའེ་ཝན་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཡོད་པ་མ་ཟད། ཐའེ་ཝན་ནི་མི་མང་གིས་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་བཞིན་ཡོད་པའི་ཡང་དག་པའི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༧༡ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ཨང་ ༢༧༥༨ ཟེར་བ་ཞིག་བཞག་སྟེ། རྒྱ་ནག་དམར་ཤོག་གཞུང་གི་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཡོངས་རྫོགས་སླར་གསོ་བྱས་རྗེས། ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་ཀྱང་། ད་ལན་ནི་རྒྱལ་ཚོགས་ཀྱི་མཚན་ཐོག་ནས་མངོན་གསལ་དོད་པོས་ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱས་པ་ཐོག་མ་ལྟ་བུ་ཆགས་ཡོད་པ་དང་། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་༡༩༣ ལས་རྒྱལ་ཁབ་ ༡༦ ཙམ་གྱིས་ཐའེ་ཝན་ལ་འབྲེལ་ལམ་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༡༢

Leave a Reply