མ་ན་ལི་ཡི་བཀའ་ཆོས་དབུ་འཛུགས་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སློབ་སྦྱོང་གི་ཐོག་ནས་སངས་རྒྱས་ཆོས་ཀྱི་གནད་འགག་དེ་ཚོ་ཤེས་པ་ཡིན་ན་ཉམས་ལེན་བྱེད་རྒྱུ་ཡོང་གི་ཡོད་སྐོར་གསུངས་འདུགདེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ནས་ཉིན་ ༢ རིང་། མ་ན་ལིའི་རྒྱ་གར་གཞུང་གི་སྨན་ཁང་ཉེ་འཁྲིས་ཀྱི་མདུན་ཐང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་ཀྱི་སྔོན་འགྲོའི་གསུང་ཆོས་གནང་སྐབས། སྤྱིར་བཏང་གྲྭ་རྒྱུན་ཇེ་དཀོན་དུ་འགྲོ་བཞིན་ཡོད་ཀྱང་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་སྐྱ་སེར་ཕོ་མོ་དབྱེ་བ་མེད་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

བཀའ་ཆོས་ཀྱི་སྔོན་འགྲོའི་གསུང་ཆོས་སྐབས་༧གོང་ས་མཆོག་གིས། སྔ་མོར་བྱེས་ཀྱི་དྭགས་པོ་གྲྭ་ཚང་ལ་ངོས་རང་ཐེངས་ཤིག་བསླེབས་པ་རེད། ཡག་ཐག་ཆོད་རེད་འདུག དེ་རིང་བྱེས་ཀྱི་མངའ་རིས་གྲྭ་ཚང་ལ་ཆེད་དུ་བསླེབས་ཏེ་ཡག་པོ་ཞེ་པོ་བྱུང་།  ཀུ་ལུ་མ་ན་ལི་ས་གནས་སུའང་ནང་ཆོས་ལ་དོ་སྣང་ཡོད་མཁན་གང་འཚམ་ཡོད་པ་རེད་ལ། བོད་རིགས་ཀྱང་གང་འཚམ་ཡོད་པ་རེད། དེ་བཞིན་གར་ཞ་དང་ཁུ་ནུ་སོགས་ཀྱི་ཡུལ་པ་མང་ཤོས་ནང་པ་ཆགས་ཡོད་པ་རེད། ངོས་ནས་ནམ་རྒྱུན་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་དང་མི་བྱེད་ནི་སོ་སོའི་ཁམས་དང་མོས་པ་ལ་འཚམ་དང་མི་འཚམ་ལ་བསམ་བློ་གཏོང་དགོས་རེད་མ་གཏོགས། ངོས་ཀྱིས་ཆོས་ལུགས་མེད་མཁན་ཚོར་ཆོས་བྱེད་དགོས་རེད་ཟེར་གྱི་མེད། ཆོས་ཀྱི་ནང་ནས་ཀྱང་ནང་པ་བྱེད་དགོས་པ་དང་ནང་པ་ཡག་ཤོས་རེད་ཟེར་གྱི་མེད། ཅེས་དང་། དེ་རིང་གཙོ་བོ་སྤྱི་བཤད་དང་འབྲེལ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ངོ་འཕྲོད་པའི་རྗེས་ཉམས་ལེན་བྱེད་པའི་སྐོར་བཤད་ཡོང་དུས། སེམས་སྐྱེད་དང་དེའི་རྒྱབ་རྟེན་སྟོང་ཉིད་ཀྱི་ལྟ་བ་ཆགས་ཡོད་སྐོར་གསུངས་སོང་།ཟླ་འདིའི་ཕྱི་ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་མ་ན་ལིའི་འོན་མངའ་རིས་དགོན་དུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་གྱི་ཉིན་གུང་ཙམ་ལ་འོན་མངའ་རིས་དགོན་གྱི་མཁན་པོ་བློ་བཟང་བསམ་གཏན་མཆོག་དང་ཀུ་ལུ་ས་གནས་མགོ་འཛིན་བསྟན་འཛིན་ངག་དབང་ལགས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། དེ་རིང་འདིར་བྱེས་ཀྱི་མངའ་རིས་གྲྭ་ཚང་དུ་འབྱོར་བ་རེད། དྭགས་པོ་གྲྭ་ཚང་ཕར་ཕྱོགས་སུ་བཙུགས་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་མངའ་རིས་གྲྭ་ཚང་ཞིག་བྱུང་ཐུབ་ན་ཞེས་པར་འདིར་མ་ན་ལིར་དགེ་ལུགས་དགོན་པ་ཞིག་ཡོད་པ་དེ་མངའ་རིས་གྲྭ་ཚང་བཟོས་ན་ཞེས་ཉམས་པ་སླར་གསོ་བྱུང་བ་རེད། མངའ་རིས་གྲྭ་ཚང་འདི་སྤྱིར་མངའ་དྭགས་རྒྱལ་གསུམ་ཞེས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་པ་རེད། མངའ་རིས་གྲྭ་ཚང་ནི་དགེ་འདུན་རྒྱ་མཚོས་གསར་དུ་ཕྱག་བཏབ་པ་ཞིག་དང་། དེ་ཡང་མངའ་རིས་ཕྱོགས་ནས་གྲྭ་རྒྱུན་གང་ཙམ་ཡོང་སྟེ། དགེ་འདུན་རྒྱ་མཚོས་འོན་ཏུ་གྲྭ་ཚང་གསར་པ་ཞིག་བཙུགས་གནང་པས་འོན་མངའ་རིས་གྲྭ་ཚང་ཞེས་པ་དེ་བྱུང་བ་ཡིན་པ་རེད། དེ་རིང་ངོས་རང་འདིར་བཅར་བར་རིན་པོ་ཆེ་བགྲེས་སོང་རེད་དེ་ཧུར་ཐག་འབད་ཐག་གནང་སྟེ་ཞེ་དྲག་ཡག་པོ་བྱུང་འདུག  ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡིན། བཀྲ་ཤིས་བདེ་ལེགས་ཡོད། དེ་རིང་རིན་པོ་ཆེ་རྣམ་པ་ཚོའང་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ། ཞེས་གསུངས་འདུགཡང་༧གོང་ས་མཆོག་གིས། གཞོན་སྐྱེས་ཚོ་དེང་དུས་ཀྱི་ཤེས་ཡོན་ཐོག་འགྲོ་བཞིན་པ་མ་གཏོགས། སྤྱིར་བཏང་གྲྭ་རྒྱུན་ཇེ་དཀོན་ནས་ཇེ་དཀོན་ཏུ་འགྲོ་ཡི་འདུག ཡིན་ནའང་། སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་སྐྱ་སེར་ཕོ་མོ་དབྱེ་བ་མེད་པའི་ཐོག་ནས་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གི་ཐོག་ནས་སངས་རྒྱས་ཆོས་ཀྱི་གནད་འགག་དེ་ཚོ་ཤེས་པ་ཡིན་ན་ཉམས་ལེན་བྱེད་རྒྱུ་ཡོང་གི་རེད། དེ་བས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་པ་དེ་མཐའ་གཅིག་ཏུ་རབ་བྱུང་ཁོ་ནར་གསུང་གི་མེད་པ་རེད། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཚང་མས་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ངོས་ཀྱིས་ནམ་རྒྱུན་ནས་ནང་པ་ཚོས་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་རེད་ཅེས་བཤད་ཀྱི་ཡོད། དེང་སྐབས་ང་ཚོ་མང་པོ་ཞིག་ལ་དད་པ་ཡོད་ཀྱང་སློབ་སྦྱོང་དེ་ཙམ་མེད་པར་དད་པ་ཁོ་ནའི་འགྲིག་གི་ཡོད་པའི་བཟོ་འདྲ་ཞིག་འདུག སངས་རྒྱས་པའི་ཆོས་ནི་དད་པ་ཁོ་ནའི་མི་འགྲིག་པར་བཅོམ་ལྡན་འདས་ཁོ་རང་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།།  ཞེས་བཅོམ་ལྡན་འདས་ཁོ་རང་གི་ཆོས་འདི་ཟབ་ཞིང་རྒྱ་ཆེ་བ་ཆགས་ཡོད་སྟབས། འདི་མིས་ཞེ་དྲག་གོ་ཐུབ་ཀྱི་མ་རེད། རེ་ཞིག་ཆོས་གསུང་རྒྱུའི་ཐུགས་འདོད་མེད་གསུངས་ཡོད་པས། དེ་ནི་ལས་སླ་པོ་མེད་པའི་རྟགས་རེད། ཅེས་གསུངས་འདུག

འོན་མངའ་རིས་གྲྭ་ཚང་ནང་བློར་འཛིན་བྱེད་དགོས་པའི་དཔེ་ཆ་ཅི་ཡོད་བཀའ་ཕེབས་པའི་ལན་དུ་གྲྭ་ཕྲུག་ཚོས་མངོན་རྟོགས་རྒྱན་བློར་འཛིན་བྱེད་ཀྱི་ཡོད་སྐོར་ཞུས་པར་༧གོང་ས་མཆོག་གིས། མངོན་རྟོགས་རྒྱན་བློར་འཛིན་བྱེད་ཀྱི་ཡོད་ན་འགྲིག་འདུག བྱམས་ཆོས་སྡེ་ལྔ་ནང་ནས་མངོན་རྟོགས་རྒྱན་ནི་ཤེར་ཕྱིན་གྱི་མན་ངག་ཅེས་གསུང་གི་ཡོད་པ་རེད་ལ། དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ང་ཚོའི་གྲྭ་ས་ཚོ་ལའང་དབུ་ཕར་ཧ་ཅང་གལ་ཆེན་པོ་རེད་འདུག ཕར་ཕྱིན་གྱིས་ནང་པའི་ས་ལམ་སྤྱི་ཡོངས་ཀྱི་འགྲོ་སྟངས་ཆ་ཚང་སྟོན་ཡོང་གི་ཡོད་པ་དང་། དབུ་མས་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་སྐོར་གསུང་གི་ཡོད་པས་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ཅེས་གསུངས་ཡོད་པ་རེད།

སང་ཉིན་དངོས་གཞིའི་བཀའ་ཆོས་གནང་རྒྱུ་ཡིན་པ་དང་། མཛད་འཆར་ལྟར་ན། ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༡༣

Leave a Reply

One thought on “མ་ན་ལི་ཡི་བཀའ་ཆོས་དབུ་འཛུགས་མཛད།

  1. གཞུང་པ་ཚེ་དབང་བསོད་ནམས་

    འཛམ་གླིང་ཞི་བདེའི་ལམ་སྟོན་གངས་ཅན་མགོན།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་མཆོག།
    སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་སུ་བརྟན།
    མི་སྲུན་ཀླ་ཀློའི་དཔུང་ཚོགས་རྒུད་པ་ནས།
    བོད་ལྗོངས་རང་དབང་དགའ་སྡེའི་དཔལ་འབྱོར་ནས།
    ཆོས་སྲིད་རང་དབང་ཞི་བདེ་གསོས་རྒྱུར་ནས།
    གཞིས་བྱེས་མཉམ་འཛོམས་གང་གིས་སྐུ་དུས་འདིར།
    བོད་ལྗོངས་གསར་པའི་འཛུགས་བསྐྲུན་རྒྱས་རྒྱུར་ཅིག།