རྔ་བའི་དགེ་འདུན་པ་གསུམ་གྱི་གནས་ཚུལ་ཤེས་རྟོཊ་བྱུང་འདུག

ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་རྔ་བའི་དགེ་འདུན་པ་གསུམ་ལ་ལོ་གཅིག་ལོ་ཕྱེད་ནས་ལོ་ ༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ནང་རྒྱ་ནག་གཞུང་གིས་བོད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐབས་མཁས་ལགས་དང་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས། གཞན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་བཅས་འཛིན་བཟུང་རྗེས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་ཀྱང་། རྒྱ་ནག་གཞུང་གིས་གྲྭ་པ་དེ་དག་ལ་ལོ་གསུམ་ནས་བཞི་དང་། ལོ་གཅིག་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་དང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་འདི་གར་མཁོ་སྤྲོད་གནང་བའི་གནས་ཚུལ་ནང་། ཀིརྟི་དགོན་པའི་གྲྭ་བློ་བཟང་ཐབས་མཁས་ལགས་ནི་ད་ལྟ་རང་ལོ་ ༣༧ ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༡༨ ལོར་འཛིན་བཟུང་བྱས་ཡོད་ཀྱང་ཟླ་ཚེས་ག་དུས་ཤིག་ལ་འཛིན་བཟུང་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་དང་།  འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཡས་མས་ཤིག་ལ་ནག་ཉེས་ག་རེ་བཙུགས་ཡོད་སོགས་གསལ་ཁ་གང་ཡང་མེད་པའི་ཐོག་ནས་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་ཞིག་ཏུ་ཡོད་པ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་འདུག གྲྭ་བློ་བཟང་ཐམས་མཁས་ལགས་ནི་རྔ་བ་ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེ་སྔོན་རྒྱ་གཞུང་གིས་སྒོ་བརྒྱབ་པའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་ཡིན་པ་དང་། རྗེས་སུ་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་སྦྱོང་གིས་དེང་སྐབས་དབུ་མའི་འཛིན་གྲྭར་བསླེབས་ཡོད་འདུག

སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་ནི་ད་ལོ་རང་ལོ་ ༣༢ ཡིན་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཙམ་གྱི་མཚན་མོ་ཞིག་ལ་རྒྱ་ནག་ཉེན་རྟོག་པས་ཁོང་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་ན་ཡང་། ཁོང་ལ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་སྤྲོ་ཚིགས་ཡུལ་ཚོའི་ཐོག་ནས་ངོ་རྒོལ་སྐད་འབོད་དང་རྒྱ་ནག་གི་དར་དམར་མེར་བསྲེགས་བཏང་བའི་ཉེས་མིང་འོག་ལོ་ ༡ དང་ཟླ་ ༦ ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་མིང་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་ཡིན་པ་དང་ཆུང་ཆུང་སྐབས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་ཡོད་པ་དང་།  ཁོང་གི་ཕ་སྐལ་བཟང་ལགས་ཀྱིས་ཀྱང་ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་འདུག

གཞན་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ནི་ད་ལོ་རང་ལོ་ ༣༦ ཡིན་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༨ ཡས་མས་ཤིག་ལ་ཉེན་རྟོག་པས་མཚན་མོ་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག  ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཡང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག་ཀྱང་། བཙོན་ཁང་དུ་ལོ་ག་ཚོད་བསྡད་ཡོད་མེད་སོགས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་མང་པོ་ནས་གང་བྱུང་བོད་མི་ཧ་ཅང་མང་པོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ན་ཡང་། བོད་མི་མང་པོ་ཞིག་གི་གནས་ཚུལ་ད་དུང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་སོགས་ཀྱིས་་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པར་གནང་ཡོད་པ་མ་ཟད། ཞིབ་འཇུག་ཚོགས་ཆུང་དངོས་སུ་བོད་ནང་འགྲོ་བར་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གནམ་གཤིས་སོགས་ལ་ཁ་གཡར་ཏེ་འགྲོ་རུ་འཇུག་གི་མེད་པ་རེད།

བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་འདྲི་རྩད་ཀྱི་གནས་ཚུལ་གསར་ཤོས་ཤིག་ནི། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྔ་ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་ཞིག་གིས། ཕྱི་ལོ་༢༠༡༦ ལོར་བོད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་མི་སྐྱ་བཅས་མི་ ༩ ལ་༧གོང་ས་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་རྒྱལ་ཚོགས་ལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡིག་ཅིག་གནང་ཡོད་ཀྱང་། ད་བར་དུ་རྒྱ་ནག་གཞུང་ཕྱོགས་ནས་དེ་ལ་བརྡ་ལན་སྤྲད་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༡༤

Leave a Reply