རྒྱ་དམག་ཧོང་ཀོང་ནང་གཏོང་བར་གྲ་སྒྲིག་བྱེད་ཀྱི་འདུག་པས་ཚང་མས་ཡིད་གཟབ་བྱོས་ཟེར།

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བ་བརྒྱུད་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་གཞུང་གིས་སྐམ་སའི་དམག་དཔུང་ཧོང་ཀོང་ནང་གཏོང་རྒྱུར་གྲ་སྒྲིག་བྱས་ཏེ་ས་མཚམས་བར་ཐོན་ཡོད་སྐོར་གསུངས་འདུག
ཁ་སང་ཕྱི་ཚེས་ ༡༣ ཉིན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝི་ཊེར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་བརྒྱུད། ཧོང་ཀོང་གི་ས་མཚམས་སུ་གཏོང་བཞིན་ཡོད་པ་ཨ་རིའི་གསང་བའི་ལས་ཁུངས་ནས་ཤེས་རྟོགས་བྱུང་ཡོད་སྐོར་གསུངས་ཡོད་པ་དང་། ཡང་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་ཞིག་གི་ནང་རྒྱ་ནག་བཅིངས་གྲོལ་དམག་དཔུང་གིས་ཧོང་ཀོང་གི་ས་མཚམས་སུ་འཁེལ་བའི་རྒྱ་ནག་ཧྲིན་ཀྲིན་ (Shenzhen)གྲོང་ཁྱེར་ནང་དམག་སྦྱོང་བྱེད་ཀྱི་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ཡུལ་དངོས་ཀྱི་སྦྱོང་བརྡར་ཁག་ཅིག་གི་བརྙན་ཐུང་ཡང་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་མཆོག་གི་སྒེར་གྱི་ཊི་ཝི་ཊེར་སྤྱི་ཚོགས་དྲ་བའི་ཐོག རྒྱ་ནག་གཞུང་གིས་སྐམ་སའི་དམག་དཔུང་ཧོང་ཀོང་གི་ས་མཚམས་སུ་གཏོང་བཞིན་ཡོད་པའི་གནས་ཚུལ་ང་ཚོའི་གསང་བའི་ལས་ཁུངས་ནས་བརྗོད་བྱུང་བས། ཚང་མས་ཞི་འཇམ་དང་བདེ་འཇགས་ལ་ངེས་པར་དུ་ཡིད་གཟབ་དགོས་ཀྱི་འདུག ཅེས་གསུངས་འདུག་པ་དང་།  ཡང་ཁོང་གིས་གནས་ཚུལ་གཞན་ཞིག་གི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་བའི་ཐོག་དམག་མི་གཏོང་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ངོ་རྒོལ་ཁྲོད་མི་གཅིག་ཀྱང་ཤི་རྨས་མི་བྱུང་བར་བདེ་ལེགས་ངང་ཐག་གཅོད་ཡོང་བའི་རེ་བ་ཡོད་སྐོར་གསུངས་འདུག 

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག  ཧོང་ཀོང་གི་ས་མཚམས་སུ་འཁེལ་པའི་རྒྱ་ནག་སྐམ་སའི་ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་ནང་དམག་སྦྱོང་བྱེད་ཀྱི་ཡོད་སྐོར་བརྗོད་པ་དང་འབྲེལ། རྒྱ་ནག་ཀང་ཀྲུའུ་(Guangzhou)གྲོང་ཁྱེར་དང་ཧྥུ་ཅན་ཞིང་ཆེན་ (Fujian) ནས་ཀྱང་དམག་འཁོར་དང་སྒྱོགས་ཆེན་སོགས་འབོར་ཆེན་ཧོང་ཀོང་གི་ས་མཚམས་སུ་དབོར་འདྲེན་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཞིག་ཕྱོགས་སྒྲིག་བྱས་ནས་བཀོད་དེ། དྲག་ཆས་དམག་པའི་དམིགས་ཡུལ་དང་ལས་འགན་ནི་གྱེན་ལོག་དང་ཟིང་འཁྲུག ཛ་དྲག་གི་དྲག་སྤྱོད་དང་ཁྲིམས་འགལ་གྱི་བྱ་སྤྱོད། འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་དང་སྤྱི་ཚོགས་བདེ་སྲུང་སོགས་ཚུད་པའི་གནད་དོན་ལ་གདོང་ལེན་བྱ་ཐབས་ཆེད་ཡིན་སྐོར་དང་། དྲག་ཆས་དམག་མིའི་དམག་སྦྱོང་ནམ་རྒྱུན་དང་མི་འདྲ་བར་རྒྱ་ནག་དབུས་གཞུང་གི་སྤྱི་དམངས་བདེ་སྲུང་ལྷན་ཁང་(Ministry of Public Security)གི་ཐད་ཀར་སྟངས་འཛིན་འོག་ཡོད་སྐོར་བསྒྲགས་འདུག

ཡང་རྒྱ་ནག་གི་གཞུང་འབྲེལ་དྲ་བ་ཁག་ཅིག་གི་ཐོག ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཧོང་ཀོང་ནང་ཧོང་ཀོང་གཞུང་གི་གྲོང་སྲུང་དམག་གིས་སྒྱོགས་ཆེན་དང་མེ་ཤུགས་འཕུར་མདེལ་འདེགས་བྱེད་འཕྲུལ་འཁོར། ལྕགས་སྐུད་ཚེར་མ་དང་དམག་སྤྱོད་ཐད་འཕུར་གནམ་གྲུ་སོགས་དྲག་ཆས་ཤུགས་ཆེན་སྤྱད་པའི་དམག་སྦྱོང་ཤིག་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧོང་ཀོང་གི་ས་མཚམས་སུ་འཁེལ་བའི་རྒྱ་ནག་སྐམ་སའི་ཧྲིན་ཀྲིན་གྲོང་ཁྱེར་གྱི་ནང་། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཁྲི་གཅིག་ལྷག་དང་དྲས་ཆས་འགྲུལ་འཁོར། དེ་བཞིན་དམག་སྤྱོད་ཐད་འཕུར་གནམ་གྲུ་དང་སྤྱོད་སྒོ་སྣ་མང་ཡོད་པའི་དམག་འཁོར་སོགས་འདུས་པའི་རྒྱ་ཆེ་བའི་དམག་སྦྱོང་ཞིག་བྱས་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཨོ་གླིང་གི་སི་ཊི་ནེ་ལོ་ཝེ་སློབ་གཉེར་ཁང་(Sydney’s Lowy Institute) གི་རྒྱ་ནག་ཉམས་ཞིབ་པ་བྷན་བྷེ་ལཱན་དྷི་(Ben Bland) ཡིས། ས་མཚམས་ཁུལ་དུ་དམག་སྦྱོང་བྱེད་བཞིན་པ་དེས་རྒྱ་ནག་གཞུང་གིས་རང་དབང་ཆེད་ཁྲོམ་སྐོར་བྱེད་བཞིན་པའི་ཧོང་ཀོང་བའི་ཐོག་ཇི་ལྟར་བརྡ་ལན་སྤྲོད་རྒྱུ་ཡིན་པའི་ཉེན་བརྡ་ཞིག་ཆགས་ཡོད་པ་དང་། རྔམ་སྟོན་ཁྲོམ་སྐོར་བ་རྣམས་ལ་ཞེད་སྣང་གིས་ཁྲོམ་སྐོར་མཚམས་འཇོག་བྱེད་ཐབས་དང་། དྲག་གནོན་ལ་གྲ་སྒྲིག་ཡིན་པའི་རྣམ་འགྱུར་སྟོན་ཆེད་དུ་རྒྱ་ནག་གཞུང་ནས་དམག་སྦྱོང་དང་དམག་གི་རྔམ་སྟོན་སོགས་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག

ཁ་སང་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་ཊོམ་ཊུ་གྷན་ཌ་(Tom Tugendhat) ལགས་ཀྱིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག ཧོང་ཀོང་མི་མང་གི་རང་དབང་གི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་ནས་ཧོང་ཀོང་ལ་འཛིན་པའི་ལངས་ཕྱོགས་ཀྱི་ཐོག་ནས་དབྱིན་ཡུལ་ལ་དམིགས་བསལ་གྱི་འགན་འཁྲི་ཡོད་པས། དབྱིན་ཡུལ་གྱི་རྒྱབ་སྐྱོར་མཚོན་བྱེད་དུ་ཧོང་ཀོང་བ་རྣམས་ལ་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་ཆ་ཚང་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་བ་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་དང་། ཐེངས་འདིའི་ངོ་རྒོལ་ལས་འགུལ་ནི་ནུབ་ཕྱོགས་པས་ཇུས་སྟོན་འོག་ཡར་ལངས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཁ་སང་ཨ་རིའི་མཚོ་དམག་གྲུ་གཟིངས་གཉིས་ཧོང་ཀོང་ནང་ལྟ་སྐོར་དུ་ཡོང་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཚོ་དམག་གྲུ་གཟིངས་གཉིས་ཡོང་བར་དོགས་གཞི་ཆེན་པོ་བྱས་ཏེ་ཧོང་ཀོང་ནང་འཛུལ་བཅུག་མེད་འདུག

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གནས་བབ་འོག་བཞག་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོ་ནས་རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་མི་ ༥༠༠༠ ཙམ་ཧོང་ཀོང་ནང་གཏན་འཇགས་གནས་སྡོད་བྱས་ཡོད་ཀྱང་། ཧོང་ཀོང་གི་གཞི་རྩའི་ཁྲིམས་ཡིག་(The Basic Law) གི་ནང་ཧོང་ཀོང་གཞུང་གི་རེ་སྐུལ་དང་ཧོང་ཀོང་མི་མང་གི་སྤྱི་ཚོགས་ཟིང་འཁྲུག་ཞོད་འཇགས། རང་བྱུང་གོད་ཆག་བཅས་ཀྱི་སྐབས་སུ་མ་གཏོགས་ཧོང་ཀོང་ནང་རྒྱ་ནག་གཞུང་གི་དམག་དཔུང་གིས་ཐེ་གཏོགས་བྱེད་ཆོག་གི་མེད་པ་བཀོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༡༤

Leave a Reply

One thought on “རྒྱ་དམག་ཧོང་ཀོང་ནང་གཏོང་བར་གྲ་སྒྲིག་བྱེད་ཀྱི་འདུག་པས་ཚང་མས་ཡིད་གཟབ་བྱོས་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཧོང་ཀོང་གི་ basic law གི་ནང་ཧོང་ཀོང་མི་མང་གིས་སྤྱི་ཚོགས་ཟིང་འཁྲུགས་ཞོད་འཇགས་གསལ་བ་ནས་
    ད་མང་པོ་བཤད་ས་དང་སྡུར་ས་དང་མགྲན་ས་རྩོད་ས་ཨ་ཡོད་ན་ཧོང་ཀོང་གི་ནང་སྲིད་ལ་ཇུས་ཏོག་མི་བརྗེད་དོ།