ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་བརྒྱུད་རིམ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་མཐུན་མིན་དང་། བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་འཐུས་རྒྱུན་ལས་སུ་བར་བརྒལ་བཀའ་འཁྲོལ་ཞུས་སྐབས་སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དང་འགལ་ཡོད་མེད་སྐོར་ལ་རྩོད་བཤད་གནང་སོང་།དེ་རིང་ཞིབ་དཔྱོད་ཉན་ཞིབ་བརྒྱད་པའི་སྔ་དྲོའི་ལས་རིམ་ཐོག ཁྲིམས་དོན་དང་པོ་དཔལ་ལྡན་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) དམིགས་བསལ་བསྐོ་གཞག་གི་ཆ་རྐྱེན་འོག གུས་ཞུ་སྦྱོར་པ་སྤེན་པ་ཚེ་རིང་ལས་བྱེད་མིན་པ་ཞིག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ལ་བསྐོ་གཞག་གནང་པ་དང་། དོན་གཅོད་ཀྱི་འགན་ཁྱེར་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་ཐོག ལས་རྒྱུན་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་གི་དགོངས་དོན་ལྷག་བསམ་ཆེན་པོས་འབད་པ་ལྷོད་མེད་ཀྱིས་སྲི་ཞུ་ཞབས་འདེགས་ཞུས་ཀྱང་།བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གཅིག་ལ་སྐྱོན་འཛུགས་དང་ཐག་གཅོད་གནང་སྟངས་ཀྱི་བརྒྱུད་རིམ་དེ་དག་ཁྲིམས་སྒྲིག་དང་མ་མཐུན་པ་གནང་ཡོད་སྐོར་ཁུངས་སྐྱེལ་སྐབས།ཞུ་སྦྱོར་པ་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ ༥༣ པ་ཉེས་འགོད་ཞིབ་འཇུག་དང་ཉེས་ཆད་ཀྱི་ནང་གསེས་དོན་ཚན་ཀ་དང་། ཁ། ག་སྟེ། ལས་བྱེད་པའི་རང་འཁྲིའི་ལས་དོན་འཐུས་ཤོར་དང་སྒྲིག་འགལ་བྱུང་ཚེ། ཀ) འབྲེལ་ཡོད་སྡེ་ཚན་འགན་འཛིན་ནས་ངག་ཐོག་ནས་ངོ་སྤྲོད་དང་། ཕན་སྐྱེད་མ་བྱུང་ན་ཡིག་ཐོག་ཉེན་བརྡ་གཏོང་བ། ཁ) འབྲེལ་ཡོད་ལས་བྱེད་ལ་གསལ་བཤད་ཀྱི་གོ་སྐབས་ཐེངས་གཅིག་སྤྲོད་དགོས་པ་དང་། གསལ་བཤད་མ་དག་ན་ཉེན་བརྡ་དང་ཡང་ན་ཉེས་ཆད་གཏོང་བ། ག) འབྲེལ་ཡོད་འགན་འཛིན་གྱིས་བཀག་ཤག་ལ་ཡིག་ཐོག་སྙན་སེང་ཞུ་དགོས་པའི་བརྒྱུད་རིམ་རྣམས་ལུང་འདྲེན་གྱིས་བཀའ་ཤག་ནས་ལས་བྱེད་བླང་དོར་གྱི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་གི་བརྒྱུད་རིམ་ལྟར་སོང་མེད་སྐོར་བརྗོད་སོང་།
དེ་ལ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་བཀའ་ཤག་གིས་དོན་གཅོད་གནས་དབྱུང་བཏང་བ་མིན་པར། འཕོ་འགྱུར་བཏང་བ་ཡིན་སྐོར་གྱི་གསལ་བཤད་དང་སྦྲགས། བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལས་བྱེད་མ་ཡིན་པ་ཞིག་དམིགས་བསལ་བསྐོ་གཞག་གི་སྐུ་དབང་ཐོག་ནས་བྱང་ཨ་རིའི་དོན་གཅོད་དུ་བསྐོ་གཞག་གནང་བ་ཞིག་ཡིན་པ་ལས། ལས་བྱེད་འདེམས་བསྐོ་ལྷན་ཁང་བརྒྱུད་བསྐོ་གཞག་གནང་པ་ཞིག་མིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་ངོས་འཛིན་བྱེད་ཐབས་མེད་པར་བརྟེན། ལས་བྱེད་བླང་དོར་གྱི་སྒྲིག་གཞིའི་ཁྱབ་ཁོངས་སུ་མེད་སྐོར་དང་། བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་དོན་ཚན་ ༥༣ དང་རྩ་བ་ནས་འགལ་མེད་སྐོར་བརྗོད་སོང་། དེ་ལ་སྤེན་པ་ཚེ་རིང་གིས་སྤྱིར་བཏང་ཁོ་རང་ཉིད་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་གནང་པ་ཞིག་ཡིན་ཡང་། དོན་གཅོད་བསྐོ་གཞག་གནང་ནས་ལས་མཚམས་མ་བཞག་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ཡིན་མིན་གྱི་དོགས་སློང་དང་འབྲེལ། དོན་གཅོད་ཀྱི་ལས་འཁུར་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བླང་དོར་སྒྲིག་གཞི་བརྩི་སྲུང་བྱ་རྒྱུའི་དམ་ཡིག་ཐོག་མཚན་རྟགས་བརྒྱབས་ཡོད་པས་རང་ཤུགས་ཀྱིས་ལས་བྱེད་ཅིག་ཆགས་ཡོད་སྐོར་བརྗོད་སོང་། དེ་བཞིན་བཀའ་ཤག་གིས་ཞུ་སྦྱོར་བར་བཏང་བའི་ “བླང་དོར་བརྡ་སྟོན་” ཞེས་པ་དེ་“ཉེན་བརྡར་”ངོས་འཛིན་བྱེད་ཆོག་པའི་ཁྲིམས་སྒྲིག་གི་ཆ་རྐྱེན་ཅི་ཡོད་མེད་སྐོར་ཁྲིམས་རྩོད་པ་དང་ཞུ་སྦྱོར་བའི་བར་རྩོད་བཤད་གནང་སོང་།དེ་རིང་ཞིབ་དཔྱོད་ཉན་ཞིབ་ཀྱི་ཉིན་རྒྱབ་ལས་རིམ་ཐོག ཁྲིམས་དོན་གཉིས་པ། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གི་ཞུ་རྩའི་ནང་། བཀའ་ཤག་གིས་བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་འཐུས་རྒྱུན་ལས་སུ་བར་བརྒལ་སྔོན་རྩིས་བཀའ་འཁྲོལ་ཞུས་སྐབས་བུ་ལོན་གྱི་ངོ་བོར་ཡོད་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་མ་ཞུས་པ་དེ། སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་ ༧(༥)དང་འགལ་གྱི་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་བཀོད་ཡོད་པ་ལྟར། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ ༧ པ་ལོ་འཁོར་སྔོན་རྩིས་ཀྱི་ནང་གསེས་དོན་ཚན་ ༥ པའི་ནང་འཁོད་སྒྲིག་གཞི་ཁག་ལུང་འདྲེན་བྱས་ཏེ། བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ནས་བར་བརྒལ་བཀའ་འཁྲོལ་ཞུ་སྐབས་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་གྱི་ངོ་བོར་ཡོད་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་ཞུས་མེད་པ་དང་། བཀའ་འཁྲོལ་ཞུ་ཡིག་ལྷན་དུ་དེ་འབྲེལ་གྱི་ཆོད་ཡིག་ཁག་མཉམ་སྦྱར་གནང་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་ ༧(༥) དང་འགལ་གྱི་ཡོད་སྐོར་བརྗོད་སོང་བ་དང་། དེ་ལ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་བར་བརྒལ་བཀའ་འཁྲོལ་ཞུ་སྐབས། སྤྱི་འཐུས་རྒྱུན་ལས་ནས་བཀའ་ཤག་ལ་བཀའ་འཁྲོལ་ཞུ་ཡིག་ལྷན་དུ་དེ་འབྲེལ་གྱི་ཆོད་ཡིག་དགོས་སྐོར་འདྲི་རྩད་གནང་མེད་པ་མ་ཟད། བར་བརྒལ་བཀའ་འཁྲོལ་ཞུ་ཡིག་ཐོག་སྐབས་དེའི་ཚོགས་གཙོ་གཞོན་པས་སྒྲིག་མཐུན་བཀའ་འཁྲོལ་བསྩལ་བ་ཞིག་ཡིན་པས་སྒྲིག་འགལ་ཆགས་དོན་མེད་སྐོར་བརྗོད་སོང་།
དེ་རིང་གི་ཞིབ་དཔྱོད་ཉན་ཞིབ་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ཨང་ ༢༠ པའི་དངོས་དོན་ ༨ པའི་ཐོག་རྩོད་བཤད་དང་། དཔང་རྟགས་འདོན་འབུལ་གྱི་མཐའ་བསྡོམས་རྩོད་བཤད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་།