བཙོན་ཁང་དུ་འདྲེ་འདུག་ཟེར།

རྒྱ་གར་གྱི་བཙོན་ཁང་ཆེ་ཤོས་ཊེ་ཧར་གྱི་བཙོན་པ་ཚོས་མཚན་མོ་བུད་མེད་ཅིག་གིས་ངུ་སྐད་འདོན་པ་དང་གྲིབ་གཟུགས་ཤིག་རྒྱུ་བ་སོགས་ཀྱིས་གཉིད་ཁུག་ཏུ་འཇུག་གི་མེད་སྐོར་བརྗོད་འདུགཁ་སང་རྒྱ་གར་གྱི་(India Today)སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་བཙོན་ཁང་ཆེ་ཤོས་ཊེ་ཧར་(Tihar Jail)གྱི་བཙོན་པ་ཚོས། མཚན་གུང་ཙམ་ལ་རྟག་པར་བུད་མེད་ཅིག་གིས་ངུ་སྐད་དང་ཆོ་ངེ་འདོན་པ་མ་ཟད། གསལ་བོ་མེད་པའི་གྲིབ་གཟུགས་ཤིག་གང་སར་རྒྱུ་བ་སོགས་བྱས་རྐྱེན་བཙོན་པ་མང་པོ་ཞིག་ལ་གཉིད་མི་ཡོང་བ་དང་། ཁ་ཤས་ཀྱིས་དངོས་སུ་གདོན་འདྲེའི་གཟུགས་ཀྱི་བུད་མེད་ཅིག་མཐོང་བ་སོགས་བྱས་ཏེ་སེམས་ཁམས་མི་བདེ་བ་སོགས་ཡོང་གི་ཡོད་སྐོར་བརྗོད་འདུག་ལ།  བཙོན་ཁང་དོ་དམ་ཁང་ནས་ཀྱང་གནོད་པ་འགོག་ཐབས་བྱེད་བཞིན་ཡོད་འདུག་ཀྱང་། སེམས་ཁམས་སློབ་སྟོན་པས་བཙོན་པ་ཚོའི་སེམས་ཁམས་འཁྲུག་སྟེ་འཁྲུལ་བའི་སྣང་བ་སྣ་ཚོགས་བྱུང་གི་ཡོད་སྐོར་བརྗོད་འདུག

ཊེ་ཧར་བཙོན་ཁང་གི་ལས་བྱེད་ཅིག་གིས་གནས་ཚུལ་དེ་འདྲ་དངོས་སུ་བྱུང་གི་ཡོད་པ་དང་། མཚན་མོར་ངུ་ངག་འདོན་པ་སོགས་བཙོན་པ་ཚང་མས་གོ་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་དང་། བཙོན་ཁང་དོ་དམ་ཁང་ནས་ད་ལྟའི་ཆར་གནོད་པ་འགོག་ཐབས་ཀྱི་ཆོས་ལུགས་ཆོ་ག་རིགས་སྒྲུབ་བཞིན་ཡོད་ལ། མཚན་གུང་འདྲེ་ཡི་གནོད་པ་ཐེབས་མཁན་བཙོན་པ་མང་པོ་ཞིག་ལ་ཕྱི་ཉིན་མགོ་ན་བ་དང་ལུས་སེམས་མི་བདེ་བའི་དཀའ་ངལ་རིགས་ཡོང་གི་ཡོད་པས། བཙོན་ཁང་གིས་དེ་རྣམས་སྨན་ཁང་དུ་འཁྲིད་ནས་བརྟག་དཔྱད་རིགས་བྱེད་བཞིན་ཡོད་སྐོར་དང་། སེམས་ཁམས་སྨན་པ་གདན་འདྲེན་བྱས་ཏེ་བཙོན་པ་ཚོར་གང་ཐུབ་ཀྱིས་སེམས་ཁམས་ཐོག་རོགས་རམ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡང་བཙོན་ཁང་གི་ལས་བྱེད་གཞན་ཞིག་གིས། གནས་ཚུལ་དེ་ལྟ་བུ་སྔོན་མ་ནས་རེ་གཉིས་བྱུང་མྱོང་ཡོད་ན་ཡང་ཤུགས་ཆེན་པོ་དེ་འདྲ་བྱུང་མེད་པ་དང་། ཁོ་ཚོས་བཙོན་ཁང་གི་གྱང་ངོས་གང་སར་ཡོད་པའི་བརྙན་མིག་སོགས་ལ་ཞིབ་བཤེར་བྱས་ཀྱང་བརྙན་མིག་ཏུ་གང་ཡང་མཐོང་མི་ཐུབ་སྐོར་དང་། སྤྱིར་ན་བཙོན་ཁང་དུ་མི་མང་པོ་རང་སྲོག་བཅད་པ་དང་། ཁ་ཤས་ཀྱིས་ཕན་ཚུན་གཅིག་གིས་གཅིག་བསད་པ་སོགས་བྱུང་གི་ཡོད་པ་དང་། ད་ལྟ་བཙོན་པ་ཚོས་འདྲེ་འདུག་ཟེར་བའི་ས་གནས་དེ་རང་དུ་བུད་མེད་ཅིག་གིས་སྐེ་བཏགས་ནས་རང་ཤི་བརྒྱབས་ཡོད་སྐོར་བརྗོད་འདུགལྡི་ལིའི་གང་གྷ་རམ་(Ganga Ram Hospital)སྨན་ཁང་གི་སེམས་ཁམས་རིག་པའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་སྨན་པ་རཱ་ཇི་མེ་ཊཱ(Rajiv Mehta)ཡིས། གནད་དོན་དེ་བཙོན་པ་ཚོས་རང་ཉིད་ཀྱི་བྱས་ཉེས་ལ་འགྱོད་སེམས་དང་སེམས་འཁྲལ་ཤུགས་ཆེ་དྲག་སྟེ་སེམས་འཁྲུག་ནས་སྣང་ཚུལ་སྣ་ཚོགས་བྱུང་གི་ཡོད་པ་དང་། དེ་རིགས་སེམས་ཁམས་སློབ་སྟོན་དང་སྒོམ་རྒྱག་པ་སོགས་བྱས་ན་མེད་པར་ཆགས་འགྲོ་སྐོར་བརྗོད་འདུག

ཊེ་ཧར་བཙོན་ཁང་ནི་རྒྱ་གར་རྒྱལ་ཡོངས་ཀྱི་བཙོན་ཁང་ཆེ་ཤོས་ཡིན་པ་མ་ཟད། ལྷོ་ཨེ་ཤ་ཡའི་བཙོན་ཁང་ཆེ་ཤོས་གྲས་དང་སྲུང་སྐྱོབ་ཆེ་ཤོས་ཀྱི་བཙོན་ཁང་ཞིག་ཡིན་པ་དང་། བཙོན་ཁང་དེའི་ནང་མི་བསད་ཉེས་ཅན་དང་རྐུ་འཕྲོག་བཅོམ་གསུམ། བཙན་གཡེམ་བྱེད་མཁན་རིགས་བཅུག་གི་ཡོད་འདུག་ལ། བཙོན་ཁང་ནང་ནད་མནར་དང་འཁྲུག་འཛིང་། རང་སྲོག་བཅད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་འདུག ཕྱི་ལོ་ ༡༩༨༤ ལོར་བཙོན་ཁང་དེར་ཀཱ་ཤི་མིར་ཁ་བྲལ་ལས་འགུལ་སྤེལ་མཁན་མོ་ཁི་བྷོལ་བྷ་ཊི(Maqbool Butt)ཟེར་བ་ཞིག་གིས་རང་སྲོག་བཅད་ཡོད་པ་དང་། རྗེས་སུ་ཁོ་བཙོན་ཁང་དུ་འདྲེ་ལ་གྱུར་ནས་བཙོན་པ་ཚོར་གནོད་པ་སྐྱེལ་གྱི་ཡོད་པའི་གླེང་སློང་སྣ་ཚོགས་བྱུང་ཡོད་འདུག

བཙོན་ཁང་དེ་ཕྱི་ལོ་ ༡༩༥༧ ལོར་སྒོ་ཕྱེས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་གྲངས་ཐོ་ལྟར་ན། བཙོན་ཁང་དེར་བཙོན་པ་ ༡༠༥༣༣ ཡས་མས་ཡོད་པ་དང་། ཕྱི་ལོ་ ༡༩༩༧་ལོ་ནས་བཙོན་པ་ཚོར་སྒོམ་རྒྱག་སྟངས་འཁྲིད་མགོ་ཚུགས་ཡོད་པ་མ་ཟད། བཙོན་ཁང་དུ་ཟས་རིགས་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་དང་ལག་རྩལ་སློབ་སྦྱོང་བྱེད་ས་སོགས་གསར་འཛུགས་བྱས་ཡོད་པ་དང་། སྒོམ་ཉམས་ལེན་གྱིས་བཙོན་པ་མང་པོ་ཞིག་ལ་ཕན་ཐོགས་བྱུང་སྟེ་བཙོན་ཁང་རེ་ཞིག་གུ་ཡངས་ལྟ་བུ་བྱུང་ཡོད་ན་ཡང་། ཕྱི་ལོ་ ༢༠༡༥ ལོར་བཙོན་པ་གཉིས་ཀྱིས་དོང་བྲུས་ཏེ་བྲོས་ཡོད་པས་དོ་དམ་ཤུགས་ཆེ་རུ་གཏོང་དགོས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༡༦

Leave a Reply

3 thoughts on “བཙོན་ཁང་དུ་འདྲེ་འདུག་ཟེར།

  1. སེམས་འཁྲུལ་ནས་མཐོང་སྣང་བྱུང་བ་ཡིན་ནམ། དོན་ངོ་མར་འདྲེ་མཐོང་བ་གང་ཡིན་གསལ་བོ་ཡོད་དུས་འགོད་རྒྱུ་མ་བརྗེད་རོགས།

  2. གཞུང་པ་ཚེ་དབང་བསོད་ནམས་

    བརྩོན་ཁང་ནང་འདྲེ་ཡོད་སྲིད་པ་ནི་བརྩོན་པ་མང་པོ་བརྩོན་ཁང་ནང་
    འདས་གྲོང་དུ་ཕྱིན་པ་ནས་ལམ་མ་ཐོབ་ནས་འདྲེ་ལ་རྒྱུར་པ་ཡོད་སྲིད་ལ་
    དེ་དག་ལ་གལ་ཆེ་ཤོས་དེ་སྡུར་སྲི་གནན་དགོས་པ་དང་འདྲེ་འབུད་དང་
    ཞི་རྒྱས་དབང་དྲག་གིས་སྦྱིན་བསྲེགས་དང་འདུར་རྡབས་དགོས་པ་བཅས།