ཉི་ཧོང་གི་སྲས་ཧི་སཱ་ཧི་ཐོ་ཡིས་འབྲུག་ཡུལ་དུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག

དབྱར་ཁའི་གུང་གསེང་དང་བསྟུན་ཉི་ཧོང་གི་རྒྱལ་ཁྲིའི་སྒུག་ཐོ་གཉིས་པ་སྲས་ཧི་སཱ་ཧི་ཐོ་ལགས་ཀྱི་ཕྱིར་སྐྱོད་ཐེངས་དང་པོ་འབྲུག་ཡུལ་དུ་གནང་གི་ཡོད་འདུགད་ལྟ་དགུང་ལོ་ ༡༢ ཙམ་ཡིན་པའི་རྒྱལ་ཁྲིའི་སྒུག་ཐོ་གཉིས་པ་སྲས་ཧི་སཱ་ཧི་ཐོ་ (Hisahito) ལགས་སློབ་གྲྭའི་གུང་གསེང་དང་སྟབས་བསྟུན། དེ་རིང་ཡབ་ཨེ་ཀི་ཤི་ནོ་ (Akishino) ལགས་དང་ཡུམ་ཀི་ཀོ (Kiko) ལགས་གཉིས་དང་ལྷན་དུ་ཐའེ་ལན་ཌི་བརྒྱུད་སང་ཉིན་འབྲུག་ལ་འབྱོར་གྱི་ཡོད་འདུག་ལ། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན།  ཉི་ཧོང་གི་ལོ་རྒྱུས་ནང་རྒྱལ་ཁྲིའི་སྒུག་ཐོ་དང་པོ་དང་གཉིས་པ་ཕྱིའི་རྒྱལ་ཁབ་གཅིག་ལ་མཉམ་དུ་ཕེབས་པ་ད་ལན་ཐེངས་དང་པོ་ཆགས་ཡོད་སྟབས། བདེ་འཇགས་ཆེད་རྒྱལ་སྲས་ཨེ་ཀི་སི་ནོ་(Akishino)ལགས་དང་ཁོང་གི་སྲས་ཧི་སཱ་ཧི་ཐོ་ (Hisahito) ལགས་གཉིས་སྔ་རྗེས་བྱས་ཏེ་གནམ་གྲུ་གཉིས་ཀྱི་ནང་ལོགས་སུ་ཕེབས་ཡོད་འདུག

གསར་ལམ་གྱི་གནས་ཚུལ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱལ་ས་ཐིམ་ཕུ་རུ་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལགས་དང་མཇལ་ཏེ་གུང་ཟས་ལ་མཉམ་དུ་རོལ་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཁྱིམ་ཚང་གི་གཟིགས་སྐོར་ཉིན་བཅུའི་རིང་འབྲུག་གི་དགོན་པ་ཁག་ཅིག་དང་འགྲེམས་སྟོན་ཁང་། དེ་བཞིན་འབྲུག་གི་སྲོལ་རྒྱུན་གྱི་འཚོ་བ་ལ་རྒྱུས་ལོན་ཆེད་ཕྱུགས་གསོ་ཁང་སོགས་སུ་ཕེབས་རྒྱུ་ཡིན་འདུག་པ་དང་། འབྲུག་རྒྱལ་ཡོངས་ཀྱི་རྩེད་མོ་མདའ་རྩལ་སོགས་ཆེད་དུ་གྲ་སྒྲིག་བྱས་ཡོད་འདུགརྒྱལ་སྲས་ཨེ་ཀི་ཤི་ནོ་ (Akishino) ལགས་ནི་ད་ལྟའི་ཉི་ཧོང་རྒྱལ་པོ་གསར་པ་ནཱ་རོ་ཧི་ཊོ་ (Naruhito) མཆོག་གི་སྤུན་ཆུང་བ་དང་། རྒྱལ་ཁྲིའི་སྒུག་ཐོ་དང་པོ་དེ་ཡིན་འདུག ཁོང་ལ་སྲས་མོ་གཉིས་དང་སྲས་གཅིག་ཡོད་ཀྱང་། ཉི་ཧོང་གི་རྒྱལ་རྒྱུད་ལམ་སྲོལ་ནང་བུད་མེད་ཀྱིས་རྒྱལ་ཁྲི་འཛིན་ཆོག་གི་མེད་པར་བརྟེན། ཁོང་གི་སྲས་ཧི་སཱ་ཧི་ཐོ་ (Hisahito) ལགས་ནི་རྒྱལ་ཁྲིའི་སྒུག་ཐོ་གཉིས་པ་དེ་ཡིན་འདུག

ཕྱི་ལོ་ ༡༩༨༦ ལོར་ཉི་ཧོང་དང་འབྲུག་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བྱུང་རྗེས།  རྒྱལ་བོའི་ཁྱིམ་རྒྱུད་བར་དམིགས་བསལ་འབྲེལ་བ་བྱུང་སྟེ། ཕྱི་ལོ་ ༡༩༩༧ ལོར་རྒྱལ་སྲས་ཨེ་ཀི་ཤི་ནོ་ (Akishino) ལགས་དང་ལྕམ་མོ་ཀི་ཀོ་ (Kiko) ལགས་གཉིས་ཐོག་མར་འབྲུག་ལ་ཕེབས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་འབྲུག་རྒྱལ་པོ་ཉི་ཧོང་ནང་ཕེབས་སྐབས། རྒྱལ་སྲས་ཨེ་ཀི་ཤི་ནོ་ (Akishino) ལགས་དང་ལྕམ་མོ་ཀི་ཀོ་ (Kiko) གཉིས་ཕེབས་བསུའི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག སྲས་ཧི་སཱ་ཧི་ཐོ (Hisahito) ལགས་ཐེངས་དང་པོར་རྒྱལ་ཁབ་ཕྱི་རུ་ཕེབས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་སྲས་མོ་ཆེ་བ་མཱ་ཀོ་ (Mako) ལགས་འབྲུག་ལ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༡༦

Leave a Reply

One thought on “ཉི་ཧོང་གི་སྲས་ཧི་སཱ་ཧི་ཐོ་ཡིས་འབྲུག་ཡུལ་དུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག

  1. རྒྱལ་ཇབ་ཆུང་ན་ཞི་བདེའི་ཞིང་་།།
    འབྱོར་ཚོགས་དབེན་ཀྱང་ཆོས་ཀྱི་ཕྱུག།།
    རྒྱལ་སྲིད་མང་གཙོ་ཟུང་ལྡན་པའི།།
    ཁྲེལ་དང་ངི་ཚ་ལྡན་པའི་ལྗོངས།།
    ཨོ་རྒྱན་གཉིས་པ་དད་པ་ཅན།།

    བོད་པ་བཙན་བྱོལ་ཅན་ལའང།།
    ༧གོང་ས་ཆེན་པོ་པདྨོ་བཞད།།
    བསོད་ནམས་ཆེན་པོ་ལྡན་ནའང།།
    ལ་ལས་བཀའ་ལ་ལོག་པར་ལེན།།
    དཔེར་ན་བོད་མིའི་སྤྱོ་འཐུས་ཏེ།།
    སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས།།
    ཨོ་རྒྱན་པདྨར་བཀུར་འདེབས་དང།།
    སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས།།
    གནས་ཆུང་ཆོས་སྐྱོང་ལ།།
    བཀུར་འདེབས་ཁྲག་མཚོ་ལྟ་བུ་དཀྲུགས།།
    ཡ་ང་བོད་མི་ལས་དབང་འདིེར།
    སེམས་ན་སྐྱོ་བ་ཡང་ཡང་འཕེལ།།