ཛ་དྲག་གི་དུས་འདིར་བོད་རིཊ་གཞོན་སྐྱེས་ཚོས་རྒྱལ་སྤྱིའི་ཐོག་གི་བོད་དོན་སླར་གསོ་ཡོང་ཐབས་དགོས།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྒྱ་བལ་འབྲུག་གསུམ་ནས་གཞོན་སྐྱེས་ ༥༠ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ ༥༠ བཅས་བོད་རིགས་གཞོན་སྐྱེས་ ༡༠༠ ཙམ་འཛོམས་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཐོག་ཁང་ཆེན་མོའི་ནང་། ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་གཉིས་པ་དང་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དབུས་སྲིད་སྐྱོང་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་བཀའ་རྒྱུད་དོན་འགྲུབ་མཆོག་རྣམ་གཉིས་གཙོ་བོར་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་། རྒྱ་བལ་འབྲུག་གསུམ་ནས་གཞོན་སྐྱེས་ ༥༠ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༣ ཙམ་ནས་གཞོན་སྐྱེས་ ༥༠ བཅས་རང་ལོ་ ༢༠ ནས་ ༣༥ བར་གྱི་གཞོན་སྐྱེས་ ༡༠༠ ཙམ་བཅས་ཁྱོན་མི་གྲངས་ ༡༥༠ ཡས་མས་ཤིག་འཛོམས་འདུག་ལ། ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ཐོག་གཏམ་བཤད་པ་ ༢༠ ཡོད་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས། རྣམ་པ་ཚོ་ཚང་མས་དགོངས་མངའ་བཞིན་དེ་རིང་གི་ཚོགས་འདུ་འདི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་བཞི་པ་དེ་ཆགས་བསྡད་ཡོད། ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༧ ལོར་ཚོགས་ཡོད་པ་དང་། ཚོགས་འདུ་ཐེངས་གཉིས་པ་དེ་ན་ནིང་ཕྱི་ལོ་ ༢༠༡༨ ལོར་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་དང་པོ་ཚོགས་པ་རེད། ཚོགས་འདུ་ཐེངས་གསུམ་པ་དེ་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་ཚོགས་ཡོད་པ་རེད། རྩ་བའི་ལྔ་དང་ལྔ་བཅུ་ལབ་ན་རྣམ་པ་ཚང་མས་མཁྱེན་གསལ་ལྟར་ཞུ་མ་དགོས་ཀྱང་། གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཟེར་བ་དེ་ག་རེ་བྱས་ནས་ཚོགས་ཀྱི་ཡོད་པ་རེད་ཅེས་དྲི་བ་མང་པོ་ཞིག་ཡོང་གི་འདུག བོད་མི་རིགས་ཀྱི་འཐབ་རྩོད་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་གལ་ཆེ་ཤོས་གཞོན་སྐྱེས་ཚོས་མ་འོངས་པའི་སྣེ་འཁྲིད་དང་། མགོ་འཁྲིད་བྱེད་དགོས་ཀྱི་ཡོད་པའི་གནད་དོན་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཕྱི་ལོ་ ༢༠༡༧ ལོར་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་ན་ཡག་པོ་ཡོད་པའི་དགོངས་ཚུལ་བྱུང་བ་རེད། དེ་བཞིན། འདས་ལོར་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐབས་གཞོན་སྐྱེས་མང་པོ་ཞིག་གིས་གཞོན་སྐྱེས་ཚོགས་འདུ་འདི་འདྲ་མང་པོ་ཞིག་ཚོགས་ཐུབ་ན་ཕན་ཐོགས་ཡོད་པའི་དགོངས་ཚུལ་བྱུང་ཡོད། དེ་ཡང་ཕྱོགས་གཅིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ག་རེ་གནང་གི་ཡོད་པ་དང་། དམིགས་བསལ་ཆབ་སྲིད་ཐོག་ནས་ཤེས་རྟོགས་མང་པོ་བྱུང་གི་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་འདིར་འཛོམས་ཏེ། ནང་ཁུལ་འབྲེལ་འདྲིས་བྱས་པ་བརྒྱུད་སོ་སོའི་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྟངས་དང་རིག་གཞུང་གཅེས་འཛིན། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་བསམ་ཚུལ་བརྗེ་ལེན་བྱས་ཏེ་ཕན་ཐོགས་མང་པོ་ཡོང་གི་ཡོད་པས། གཞོན་སྐྱེས་ཀྱི་ཚོགས་འདུ་མུ་མཐུད་ཚོགས་ཐུབ་ན་ཡག་པོ་ཡོད་པའི་དགོངས་ཚུལ་བྱུང་བ་ལྟར། ང་ཚོས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཚོགས་དགོས་པའི་དམིགས་ཡུལ་དེ་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་གི་བྱུང་རིམ་ངོ་སྤྲོད་དང་སྦྲགས། དབུ་མའི་ལམ་གཞིར་བཟུང་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་ཐུབ་པར་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེ་ལོ་ལྔའི་འཆར་གཞི་རེད་ལ། བོད་རྒྱ་འབྲེལ་མོལ་ཡོང་རྒྱུའི་ཆེད་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་བཀའ་མོལ་གནང་རྗེས་མིང་དོན་མཚུངས་པའི་རང་སྐྱོང་གང་འདྲ་བྱས་ནས་འཐོབ་ཐུབ་ཀྱི་ཡོད་མེད་དེ་ང་ཚོའི་འགན་རྩ་ཆེ་ཤོས་དེ་རེད། དེའི་མཉམ་དུ་ལོ་ ༥༠ ཡི་འཆར་སྣང་དང་འཆར་གཞི་ཞིག་དགོས་ཀྱི་ཡོད་པ་དང་། དེའི་ཆེད་དུ་སྤྱི་ཚོགས་ནང་བགྲོ་གླེང་ཡང་དགོས་ཀྱི་ཡོད་པ་ལས། ཉིན་རེ་ཉིན་རེ་བྱས་ནས་འགྲོ་རྒྱུ་མེད་སྟབས། ལྔ་དང་ལྔ་བཅུ་ཞེས་འཕྲལ་དང་ཕུགས་ཀྱི་འཆར་སྣང་ཟེར་བ་བསླེབས་པ་རེད་ཅེས་ཞུ་རྒྱུ་ཡིན། ལོ་ ༥ ནང་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་པ་ཡིན་ན་ང་ཚོའི་རྩ་ཆེ་ཤོས་ཀྱི་དོན་དག་དེ་འགྲུབ་པ་རེད། ཡིན་ན་ཡང་། ལོ་ ༥༠ ཡི་འཆར་གཞི་ཡོད་པ་ཡིན་ན་དེ་ལ་དཔག་པའི་ང་ཚོས་འཆར་གཞི་སྒྲིག་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་ཐེངས་འདིའི་གཞོན་སྐྱེས་ཚོགས་འདུའི་བརྗོད་གཞི་དང་པོ་དེ་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཇི་ལྟར་བྱེད་རྒྱུ་ཡིན་མིན་སྐོར་ཡིན་ལ། ཉེ་བའི་ཆ་ནས་སྐུ་ཚབ་རང་འགྲོ་ཡི་མེད་ཀྱང་ཡོངས་གྲགས་ལྟར་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་འབྲེལ་བ་ཡོང་བསྡད་ཀྱི་ཡོད་པ་དང་། དེའི་ཐད་བསམ་བློ་གཞན་ཅི་ཡོད་འདོན་རྒྱུ་དང་། དེ་ནས་བརྗོད་གཞི་གཉིས་པ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་ཉར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། དམིགས་བསལ་གྱིས་གཞོན་སྐྱེས་བར་གྱི་འབྲེལ་བ་གང་འདྲ་བྱས་ནས་ཉར་རྒྱུ་དང་། འབྲེལ་བ་དེ་ཆད་པ་ཡིན་ན་ང་ཚོའི་རྩ་བ་ཆད་འགྲོ་བ་ལྟ་བུ་ཆགས་ཀྱི་ཡོད་སྟབས། སྤྱི་ཚོགས་དྲ་རྒྱ་སོགས་བརྒྱུད་ནས་གཞོན་སྐྱེས་བར་ལ་འབྲེལ་བ་ག་འདྲ་ཉར་དགོས་པ་དང་། ཉར་ཐུབ་པ་ག་རེ་ཡོད་མེད། གསུམ་པ་དེ་སྤྱི་ཚོགས་ནང་ལ་ཕྱག་ལས་དང་མགོ་འཁྲིད་མཁན་གྱི་གཞོན་སྐྱེས་ཚོས་ག་རེ་གནང་གི་ཡོད་མེད་དང་། མ་འོངས་པར་ག་རེ་གནང་དགོས་ཀྱི་ཡོད་མེད་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཏེ་བསམ་ཚུལ་འདོན་དགོས་པ་དང་།མཐའ་མ་དེར་བོད་མིའི་སྒྲིག་འཛུགས་ནས་མ་འོངས་པར་འཆར་སྣང་ལྡན་པའི་མགོ་འཁྲིད་བྱེད་མཁན་རྣམས་ལ་ག་རེ་གནང་དགོས་མིན་ཐད་གྲོས་བསྡུར་དགོས་སྐོར་གསུངས་སོང་།མཇུག་ཏུ་སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རི་གཙོས་པའི་ཡུ་རོབ་སོགས་ནང་ཕེབས་ཐུབ་ཀྱི་མེད་པར་བརྟེན། མ་འོངས་པར་ཚོགས་བཅར་བ་རྣམས་ལ་ཨ་རི་དང་ཁེ་ན་ཌ། པོ་ལན་ཌི་བཅས་ནས་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུའི་འགན་འབབ་ངེས་ཡིན་པར་བརྟེན། ད་ལྟ་ནས་དཀའ་ལས་རྒྱག་པ་དང་བསམ་བློ་བཏང་ནས་དེ་སྔ་ཡོད་པའི་རྒྱལ་སྤྱིའི་སྟེང་གི་བོད་ཀྱི་གནད་དོན་དེ་བསྐྱར་གསོ་ཡོང་ཐབས་དགོས་སྐོར་དང་། དེང་སྐབས་རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་ས་ཁྲ་ཁག་ནང་བོད་ཅེས་པའི་ཐ་སྙད་ཀྱང་བརླག་བཞིན་ཡོད་པ་སོགས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། གཞོན་སྐྱེས་ཚོགས་བཅར་བའི་འགན་དེ་ཧ་ཅང་ཆེན་པོ་ཡིན་སྐོར་དང་། དེང་སྐབས་ཁེ་ན་ཌ་ནང་ཡོད་པའི་བོད་པའི་གཞོན་སྐྱེས་འགའ་ཤས་ཀྱིས་ང་ཁེ་ན་ཌའི་མི་སེར་ཡིན་སྐོར་དང་། བོད་དོན་དང་བོད་མིའི་སྒྲིག་འཛུགས་ལ་དོ་སྣང་མེད་སྐོར་གསུང་གི་ཡོད་པའི་གནས་ཚུལ་ཐོན་གྱི་འདུག་པ་དེ་ཚོ་ཡིད་ཆེས་མ་ཐུབ་ལྟ་བུ་ཞིག་ཡིན་པ་དང་། ཁོང་ཚོ་ག་བར་ཡོད་ན་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་དེ་བོད་མི་རང་གིས་རྩོད་དགོས་སྐོར་སོགས་གསུངས།

གཞན་ཡང་། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་བཅར་བ་ ༡༠༠ ཡི་ནང་ནས་གཞོན་སྐྱེས་རྩེ་ཕུད་ ༥ གདམ་འཆར་ཡོད་པས། ཉིན་མཐའ་མར་ཚོགས་ཞུགས་པས་འོས་འཕངས་ཏེ་འོས་མི་འདོན་ཆོག་ཀྱང་། ཆེས་མཐའ་མའི་གདམ་ག་ཚོགས་ཆུང་ཞིག་གིས་གནང་རྒྱུ་ཡིན་ལ། སྤྱོད་པ་ག་ཚོད་ཡག་པོ་བྱས་ན་གདམ་རྒྱུའི་རེ་བ་ཆེ་བ་ཡོད་སྐོར་གསུངས་སོང་།མཇུག་ཏུ་སྐུ་མགྲོན་གཙོ་བོ་པདྨ་འབྱུང་གནས་མཆོག་གིས། སྤྱིར་མགྲོན་བརྡ་ཡི་རྐྱེན་པས་གྲ་སྒྲིག་ཡག་པོ་ཞིག་བྱེད་ཁོམ་མ་བྱུང་ནའང་། དོན་དག་དངོས་མ་དེ་མ་འོངས་པའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་དང་། རང་དབང་འཐབ་རྩོད་ཀྱི་ལས་འགན་དེ་ཚོགས་བཅར་བ་ཚོར་རང་བཞིན་གྱིས་བབ་བསྡད་ཡོད་རེད། དེ་ནི་འཁྲི་པའི་ལས་འགན་ཡིན་སྟབས། མ་འོངས་པའི་མདུན་ལམ་ག་འདྲ་ཞིག་བཟོ་དགོས་ཀྱི་འདུག་དང་མི་འདུག་ནི་འདས་པའི་ལོ་རྒྱུས་གནས་སྟངས་འང་སློབ་སྦྱོང་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ལྔ་བཅུ་ལྔ་དགུའི་སྐབས་བོད་མི་བཙན་བྱོལ་བ་ཚོའི་དགོངས་པ་བཞེས་སྟངས་དང་ལས་འཆར་སྒྲིག་སྟངས་ག་འདྲ་ཡོད་པ་དང་། དྲུག་ཅུ་དང་བདུན་ཅུའི་ནང་ག་འདྲ་ཡོད་པ། ད་ལྟའི་གནས་བབ་ག་འདྲ་ཞིག་ཆགས་བསྡད་ཡོད་པ་རེད།  དྲུག་ཅུའི་དུས་ཚོད་དེ་ནས་བོད་ཀྱི་རྩ་དོན་དེ་འཛམ་བུ་གླིང་ནང་བརླག་ཚར་བ་རེད་གསུང་གི་ཡོད་རེད། ཡིན་ནའང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། མི་རབས་རྒན་པོ་ཚོས་སྐུ་ངལ་བསྐྱོན་པ་ལ་བརྟེན་ནས་འཛམ་གླིང་འདི་ནས་བརླག་ཡོད་པ་མ་རེད། བོད་པའི་གནད་དོན་འདི་ལག་པ་མ་འཆང་ན་འགྲིག་པ་མེད་པའི་གནས་བབ་ཅིག་བསྐྲུན་བཞག་ཡོད་པ་དང་། འདི་ང་ཚོས་རྒྱུན་སྐྱོང་དགོས་པ་རེད། དེ་འདྲ་ཡིན་དུས་ལྔ་དང་ལྔ་བཅུ་ཟེར་བ་དེ་ངའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བཤད་པ་ཡིན་ན། བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་ཉེ་ན་ལོ་ལྔ་དང་། རིང་ན་ལོ་ལྔ་བཅུ། དེའི་ནང་ལ་ག་རེ་ཡིན་ན་ཡོང་སྲིད་པ་ཞིག་ཡིན་སྟབས། ལོ་ལྔའི་ནང་ཚུད་དུ་བོད་དོན་བདེན་མཐའ་མ་གསལ་བ་ཡིན་ན་གསལ་བར་ཐབས་ཤེས་ག་རེ་བྱེད་དགོས་པ་དང་། བོད་རྒྱ་གྲོས་མོལ་དེ་རྒྱུན་ག་འདྲ་བྱས་ནས་སྐྱོང་ཐབས་བྱེད་དགོས་པ། བོད་མིའི་སྒྲིག་འཛུགས་ངོས་ནས་ཅིག་གནང་བསྡད་ཡོད་པ་རེད་དེ། ང་རང་ཚོ་མི་མང་གིས་ག་འདྲ་བྱས་ནས་མཐུད་རྒྱག་དགོས་ཀྱི་ཡོད་པའི་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ངས་ནམ་རྒྱུན་ཕྱི་ལོ་ ༡༩༩༡ བར་ལ་ན་གཞོན་ཚོ་དང་ཕ་མ་ཚོའི་དགོངས་པ་བཞེས་སྟངས་དང་བསླབ་བྱ་རྒྱག་སྟངས་གཅིག་རེད་ཅེས་བཤད་ཀྱི་ཡོད། གོ་གཅིག་གི་རྗེས་ནས་དགོངས་པ་བཞེས་སྟངས་དང་བསླབ་བྱ་རྒྱག་སྟངས་གཞན་ཞིག་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༩༡ སྔོན་ལ་ཕ་མ་ཚོས་བུ་གུར་སློབ་སྦྱོང་ཡག་པོ་དང་སྤྱོད་པ་ཡག་པོ་བྱས་ཏེ་མ་འོངས་པར་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་ཞུ་ཞུ་དགོས་རེད་ཅེས་བསླབ་བྱ་རྒྱག་གི་ཡོད་པ་རེད་ལ། བུ་གུ་ཚོས་སློབ་སྦྱོང་གནང་སྐབས་ཀྱང་མ་འོངས་པར་༧རྒྱལ་བ་རིན་པོ་ཆེར་ཞབས་ཞུ་དང་བོད་གཞུང་ལ་ཞབས་ཞུ་ཞུ་དགོས་བསམ་བསྡད་པ་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། གོ་གཅིག་རྗེས་ནས་དེ་འདྲ་བའི་བསམ་བློ་གཏོང་མཁན་ཉུང་ཤས་ཆགས་བསྡད་ཡོད། མང་ཆེ་བས་སློབ་སྦྱོང་ཁུངས་སྐྱེལ་ཐུབ་མིན་ལ་མ་ལྟོས་པར་ཕྱི་རྒྱལ་ལ་གཏོང་ཐུབ་་ཕ་མའི་ངོས་ནས་མཐུན་རྐྱེན་ག་རེ་སྦྱོར་དགོས་པ་དང་བུ་གུར་ཆ་རྐྱེན་ག་རེ་ཚང་དགོས་པ་སོགས་སུ་ཤུགས་བརྒྱབས་བསྡད་པའི་གནས་སྟངས་ཤིག་མཐོང་བསྡད་ཡོད། ཅེས་དང་། འཕྲུལ་ཆས་ཀྱི་དུས་རབས་འདིར་སྤྱི་ཚོགས་ལ་འགྱུར་ལྡོག་ཤུགས་ཆེན་འགྲོ་ཡི་ཡོད་པའི་གནས་སྟངས་ཆ་ཚང་ལ་བསམ་བློ་བཏང་སྟེ། ཕ་མ་དང་དགེ་རྒན་སུ་ཞིག་ཡིན་རུང་བུ་གུར་བཟང་སྤྱོད་ལྡན་པའི་མི་ཞིག་ཏུ་འགྱུར་བར་བསླབ་བྱ་རྒྱག་གལ་ཆེན་པོ་ཡིན་སྐོར་དང་། བོད་པས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་མ་ཤེས་པ་ཡིན་ན་ཞེ་དྲགས་ངོ་ཚ་དགོས་པ་ཞིག་ཡིན་སྟབས། ཚོགས་འདུ་འདི་བརྒྱུད་མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་སོན་རྩ་རྣམས་ལ་མ་ཤེས་པ་ཤེས་པ་བཟོ་རྒྱུ་དང་། བོད་ཀྱི་འཐབ་རྩོད་ཀྱི་ལས་དོན་གང་ཞིག་ཡིན་རུང་ཤེས་ཀྱི་མེད་ཚེ་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་། གསར་འགོད་པས་ཚོགས་ཞུགས་པ་ཁག་ཅིག་ལ་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་བསམ་འཆར་ག་རེ་འདོན་འཆར་ཡོད་དྲིས་པར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཚེ་དབང་རྒྱལ་མཚན་ལགས་ཀྱིས། ང་རང་ངོས་ནས་དང་པོ་ལྔ་དང་ལྔ་བཅུའི་ལས་དོན་བྱེད་ཕྱོགས་འདིས་ནུས་པ་ག་ཚོད་ཅིག་འཐོན་གྱི་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་ཏེ་བསམ་ཚུལ་འདོན་རྒྱུ་དང་། གཉིས་པ་ང་ཚོའི་རྩ་དོན་གྱི་རྩ་བ་བོད་རྒྱ་འབྲེལ་མོལ་སྐོར་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་ཚུལ་བསྐོང་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་། ཨོ་སི་ཊོ་ལི་ཡ་ནས་ཡོང་བའི་མགོན་པོ་བཀྲ་ཤིས་ལགས་ཀྱིས། ང་རང་གིས་བོད་རྒྱ་འབྲེལ་མོལ་སྐོར་ལ་བསམ་ཚུལ་ཞུ་འདོད་ཡོད། གང་ཡིན་ཟེར་ན། ད་ལྟའི་བར་བོད་རྒྱ་འབྲེལ་མོལ་གྱི་ཚོགས་འདུ་ཐེངས་ ༩ ཚོགས་ཡོད་ཀྱང་། དམིགས་བསལ་གྲུབ་འབྲས་ཤིག་གསང་བ་ཡིན་ལབ་ནས་བསྡད་ཡོད་པ་དེ་འདི་དང་འདི་རེད་ཅེས་སྟོན་རྒྱུ་མེད་པས། ང་རང་ངོས་ནས་གནད་དོན་དེ་ཚོའི་ཐད་ཤུགས་རྒྱག་དགོས་བསམ་བསྡད་ཡོད། ཅེས་བརྗོད་སོང་། ཡང་ཁེ་ན་ཌ་ནས་ཡོང་བའི་གཡུ་སྒྲོན་བསྟན་འཛིན་ལགས་ཀྱིས། ང་རང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཞིག་ཡིན། ད་རེས་གཙོ་བོ་ངས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཇེ་ལེགས་ཡོང་བར་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་ག་རེ་བྱེད་ཐུབ་པ་དང་། བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཇི་ལྟར་བྱེད་དགོས་སྐོར་སོགས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་ལ་བསམ་ཚུལ་བཤད་འདོད་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༡༦

Leave a Reply

3 thoughts on “ཛ་དྲག་གི་དུས་འདིར་བོད་རིཊ་གཞོན་སྐྱེས་ཚོས་རྒྱལ་སྤྱིའི་ཐོག་གི་བོད་དོན་སླར་གསོ་ཡོང་ཐབས་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་བར་འབྲེལ་བ་ཆད་ནས་མི་ལོ་བཅུ་ལ་ཉེ་བའི་སྐབས་
    འདིར་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཡོང་བསྡད་ཀྱི་ཡོད་ན་གསང་བ་མིན་ན་འབྲེལ་བ་
    དེ་རྒྱུད་ནས་བོད་རྒྱའི་གནས་བབ་ལ་བཟང་ངན་གང་བྱུང་ཡོད་མི་མང་ལ་གསལ་པོ་བཟོ་
    དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོའི་འཐབ་རྩོད་དེ་མི་ཐོག་གཅིག་གི་འཐབ་རྩོད་མ་རེད་ལ་ལུང་ཚན་གཅིག་གི་འཐབ་རྩོད་ཡང་མ་རེད་
    ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ལ་སོང་ལོ་ཚད་ལ་འགན་འཁུར་ནས་
    མ་ཡིན་པ་མི་ཐོག་ནས་མི་ཐོག་རྒྱུད་ནས་བོད་ཀྱི་འཐབ་རྩོད་མུ་འཐུད་ནས་འགྲོ་དགོས་པ་མ་ཟད་སྡུག་ས་ནས་བཤད་
    ན་བོད་མི་རིགས་མ་རྫོགས་བར་ང་ཚོའི་འཐབ་རྩོད་འགྲོ་དགོས་པ་དང་གནས་དགོས་པ་ནི་བོད་མི་རིགས་རྒལ་ཚིག་
    དང་ཁྲག་རྩ་ཡོད་ན་བོད་མི་གཅིག་ལས་མ་ལྷག་ཀྱང་ང་ཚོའི་དམིགས་ཡུལ་མ་འགྲུབ་བར་འཐབ་རྩོད་གནས་དགོས་པ་མ་རེད་དམ།

  3. གཞུང་པ་ཚེ་དབང་བསོད་ནམས་

    རྒྱལ་ཁབ་དང་མི་རིགས་ཀྱིས་འཐབ་རྩོད་ལ་ག་དུས་ཡིན་ནའང་དུས་ཚོད་ཀྱི་ཚད་
    བཀག་མེད་པ་ནས་མི་རིགས་དེ་མ་རྫོགས་བར་འཐབ་རྩོད་མུ་འཐུད་ནས་འགྲོ་དགོས་པའོ།