༧གོང་ས་མཆོག་གི་སྒྲིག་འཛུགས་བོད་མིའི་མ་རྩ་གཙོ་བོ་དེ་ཡིན།

དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་ཐོག་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ནང་བཞིན་ཕྱིན་པ་ཡིན་ན་འཛམ་གླིང་གི་དཀའ་རྙོག་ཚང་མ་སེལ་ཐུབ་པའི་ཐབས་ལམ་བརྟན་པོ་ཆགས་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བྱང་ཨ་རིའི་ནེའུ་ཡོག་དང་ནེའུ་ཡོག་ཇར་སེ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཨ་རིའི་ནང་དབུ་མའི་ལམ་གྱི་སྐོར་ལ་སྐབས་དང་པོའི་བགྲོ་གླེང་དང་རིག་གཞུང་དགོང་ཚོགས་ཤིག་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དེ་བཞིན། བོད་རྒྱ་ཉམས་ཞིབ་པ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས། ཨ་རིའི་ནང་སྤྱི་ཚོགས་སྲིད་བྱུས་ཐོག་འབུམ་རམས་པའི་སློབ་གཉེར་གནང་མཁན་ཚེ་དབང་རིག་འཛིན་ལགས་བཅས་གཏམ་བཤད་པ་བཞི་དང་། ནེའུ་ཡོག་དང་ནེའུ་ཇར་སེ་ཁུལ། དེ་བཞིན་ཨ་རིའི་གྲོང་ཁྱེར་གཞན་ནས་ཕེབས་པའི་ཚོགས་ཞུགས་པ་བཅས་མི་གྲངས་ཁྱོན་ ༤༠༠ ལྷག་འཛོམས་ཡོད་འདུག་ལ། རིག་གཞུང་དགོང་ཚོགས་ཐོག་བོད་ཀྱི་གཞས་པ་གཞས་མ་མང་པོ་ཞིག་སྐད་བཏང་ཡོད་འདུགདྲ་ལམ་བརྒྱུད་ནེའུ་ཡོག་དང་ནེའུ་ཇར་སེ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བསེ་ཆང་བློ་གྲོས་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་དང་རིག་གཞུང་མཚན་ཚོགས་ཀྱི་དགོས་དམིགས་སྐོར་བརྗོད་དོན། དེང་སང་དབུ་མའི་ལམ་ལབ་ན་རྒན་པ་ཚོས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་། གཞོན་སྐྱེས་ཁག་ཅིག་གིས་ཤེས་ཀྱི་མེད་པ་དང་གོ་བརྡ་འཕྲོད་ཀྱི་མེད་པའི་བཟོ་འདྲ་པོ་མཐོང་གི་འདུག་པས། འདིར་དབུ་མའི་ལམ་དང་དེའི་ངོ་བོ་ལབ་ན་ག་འདྲ་ཞིག་ཡིན་པ་སོགས་སྐོར་ལ་གོ་རྟོགས་སྤེལ་ཏེ། འདིར་སློབ་གྲྭ་འགྲིམས་བཞིན་པའི་མི་རིགས་མང་པོ་ཡོད་པ་ཚོར་ངོ་སྤྲོད་དང་། བོད་ཀྱི་འཐབ་རྩོད་ཀྱི་བདེན་ཁ་གསར་རུ་འགྲོ་ཐུབ་པ་གཙོས་ཕར་བརྡ་སྤྲོད་དགོས་ས་དེ་བརྡ་སྤྲོད་ཆེད་སོགས་ཡིན་བརྗོད་སོང་།བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བཀའ་དྲིན་གྱི་རིན་ཐང་ཞེས་པའི་བརྗོད་གཞིའི་སྐོར་ལ་གཏམ་བཤད་གནང་སྐབས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ལོ་བཅུ་ཕྲག་ཁ་ཤས་གོང་ནས་ལུང་བསྟན་ཞིག་གནང་ཡོད་པ་རེད། ལུང་བསྟན་དེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ཐེངས་འགར་གསུངས་ཡོད་པ་ངས་བླ་སྤྲུལ་དང་དགེ་བཤེས་འགའི་འགྲམ་ནས་གོ་ཐོས་བྱུང་། ང་ཚོ་བོད་ཀྱི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནང་རླབས་ཆེན་པོའི་མཛད་པ་འཕྲིན་ལས་སྐྱོང་གནང་མཁན་མང་དག་ཅིག་བྱོན་པའི་ནང་ནས་དམིགས་བསལ་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་བདུན་པ། དེ་བཞིན། སྐུ་ཕྲེང་བཅུ་གསུམ་པ་བཅས་ཁོང་རྣམ་པ་གསུམ་གྱི་མཛད་འཕྲིན་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ནའང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་མཛད་འཕྲིན་ཁོང་ཚོ་ལས་ལྷག་ཅིག་ཡོང་གི་རེད་ཅེས་ལུང་བསྟན་གནང་ཡོད་པ་རེད་ལ། ལུང་བསྟན་གནང་བ་བཞིན། ད་ལྟའི་དུས་ཚོད་འདིར་༧རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་བལྟས་ཡོང་དུས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཡོངས་ཀྱི་མཛད་འཕྲིན་ལས་ལྷག་ཅིག་བྱུང་ཡོད་པ་བཤད་མ་དགོས་པ་ཞིག་དང་། དེའི་ཐོག་རྒྱལ་སྤྱིའི་སྒང་འདས་པའི་ལོ་ངོ་ལྔ་བཅུ་དང་དྲུག་ཅུའི་རིང་གི་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཚོར་བལྟས་པ་ཡིན་ནའང་། ༧རྒྱལ་བ་རིན་པོ་ཆེ་འཛམ་གླིང་གི་དབུ་འཁྲིད་ཡང་དག་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། དེར་བརྟེན། སྡོམ་བརྒྱབས་ནས་ཞུས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དེ་རེད་བསམ་གྱི་འདུག དེ་ལྟ་བུའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ག་འདྲ་བྱས་ནས་བྱུང་བ་རེད་ལབ་ན། ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟ་དགོས་ཀྱི་ཡོད་པ་གལ་ཆེན་པོ་རེད། ལོ་རྒྱུས་ལ་ཕྱིར་མིག་མ་བལྟས་གོང་གནད་འགག་ཆེ་ཤོས་དེ་བོད་མི་མང་གིས་བཀའ་དྲིན་རྗེས་དྲན་ཞུས་པའི་སྐབས་སུ། ༧གོང་ས་མཆོག་གིས་དུས་ད་ལྟའི་དབར་དུ། དགུང་གྲངས་ལྔའི་ཐོག་གསེར་ཁྲི་མངའ་གསོལ་གནང་བ་ནས་བཟུང་། དགུང་གྲངས་བཅུ་དྲུག་ཐོག་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དང་བཙན་བྱོལ་ནང་ཞབས་སོར་འཁོད་པ་སོགས་ཀྱི་མཛད་པ་འཕྲིན་ལས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཨ་ཅང་ཅང་ཡིན་སྐོར་དང་། བོད་མི་ཚོས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་འཛམ་གླིང་སྟེང་ཁྱབ་ཡོད་པ་ཧ་གོ་ཡི་ཡོད་ནའང་། ༧རྒྱལ་དབང་དགེ་འདུན་གྲུབ་པ་ནས་བཟུང་བའི་སྐྱབས་མགོན་རིན་པོ་ཆེའི་སྒྲིག་འཛུགས་འདི་བོད་མི་རིགས་ལ་ག་ཚོད་ཀྱིས་གལ་ཆེན་པོ་ཆགས་བསྡད་ཡོད་པ་ཕལ་ཆེར་ཧ་གོ་ཡི་མེད་པ་དང་། ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་ལ་ཏྰ་ལའི་བླ་མའི་སྒྲིག་འཛུགས་ལ་ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ཡོད་པའི་འགྲེལ་བཤད་བརྒྱབས་དུས་སྒྲིག་འཛུགས་འདི་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར། དེ་བཞིན། རིན་ཐང་ཅན་གྱི་སྐྱབས་མགོན་རིན་པོ་ཆེའི་སྒྲིག་འཛུགས་འདི་བོད་མི་རིགས་ཀྱི་མཚོན་དོན་དང་བོད་རྒྱལ་ཁབ་ཀྱི་མཚོན་དོན། བོད་ཀྱི་རྩ་དོན་རྩོད་ཐུབ་པའི་མ་རྩ་གཙོ་བོ་ཡིན་པ་བོད་མི་ཚོས་ཤེས་པ་ཡིན་ན། དེ་ལ་མི་རིགས་ཀྱི་བརྩི་བཀུར་དང་ཆེ་མཐོང་ཕུལ་བའི་ཐོག་གཉན་འཕྲེང་ཅན་གྱི་དུས་སྐབས་འདིར་ཛ་དྲག་གི་དཀའ་ངལ་ག་རེ་འཕྲད་པ་ཡིན་ནའང་བོད་མི་ཚོའི་ལག་པ་འཇུ་ས་དང་རེ་བ་བཅོལ་ས་ཡིན་པས། ཏྰ་ལའི་བླ་མའི་སྒྲིག་འཛུགས་འདི་འདས་པའི་ལོ་ངོ་དྲུག་བརྒྱའི་རིང་གནས་པ་དང་། མ་འོངས་ལོ་ངོ་དྲུག་བརྒྱའི་རིང་གནས་ཐུབ་པར་བོད་མི་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེན་ཆགས་ཡོད་སྐོར་སོགས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། གཉིས་སྨན་དབུ་མའི་ལམ་དང་རྒྱལ་སྤྱིའི་གནས་བབ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས་ཁོང་གིས། ཐོག་མར་དབུ་མའི་ལམ་གྱི་ཐ་སྙད་ཀྱི་གོ་དོན་རྟོགས་དགོས་ཀྱི་འདུག དབུ་མའི་ལམ་ཟེར་དུས་ཐ་སྙད་གསར་པ་རེད། འོན་ཀྱང་། དབུ་མའི་ལམ་གྱི་ཐ་སྙད་མེད་དུས་ནས་༧སྐྱབས་མགོན་རིན་པོ་ཆེར་དགོངས་གཞི་དེ་ཡོད་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། དེར་བརྟེན། ཐ་སྙད་འདིའི་གོ་དོན་ལ་ང་ཚོས་ཚོད་དཔག་བྱས་ན་ཆ་རྐྱེན་གསུམ་ཆགས་ཀྱི་འདུག དང་པོ་འཚེ་མེད་ཞི་བའི་ལམ་བརྒྱུད་དེ་དབུ་མའི་ལམ་གྱི་གོ་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། གཉིས་པ་མི་མང་གི་བདེ་སྐྱིད་ཀྱི་ལམ་དང་འབྲེལ་བ། གསུམ་པ་མི་མང་གི་བདེ་སྐྱིད་སྒྲུབ་ཐབས་སུ་གྲོས་མོལ་བརྒྱུད་ནས་ཡོང་ཐབས་བྱེད་བཞིན་ཡོད་པ་དབུ་མའི་ལམ་གྱི་ཆ་རྐྱེན་ཞིག་ཆགས་ཀྱི་འདུག འདི་ཚོ་གོ་དོན་གྱི་སྒྲོམ་གཞི་ཆགས་བསྡད་ཡོད་པ་རེད། འདི་ཚོ་བརྒྱུད་རྒྱལ་སྤྱིའི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། རྒྱལ་ཁབ་ཁག་ནས་དངོས་ཤུགས་རྒྱུས་གསུམ་གྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་འདི་ལ་ངོས་ལེན་གནང་དང་གནང་བཞིན་པ་རེད། ངས་དངོས་ཤུགས་རྒྱུད་གསུམ་ལབ་དུས་རྒྱུ་མཚན་ཞིག་གི་ཐོག་ནས་བཤད་ཀྱི་ཡོད། ཨ་རི་ལྟ་བུ་ཡིན་ན་སྲིད་འཛིན་གྱིས་ཐད་ཀར་དབུ་མའི་ལམ་ཞེས་ཐ་སྙད་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཆགས་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་བསྡད་ཡོད་པ་རེད། ཅེས་བརྗོད།

ཡང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་དོན་གང་ཡིན་སྐོར་ལ་ཁོང་གིས། རྒྱལ་ཁབ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པར་ངས་སྡེ་ཚན་གཉིས་ཀྱི་ནང་དབྱེ་བ་ཕྱེ་ཡི་ཡོད། དང་པོ་ལྟ་བའི་ཐོག་ནས་དབུ་མའི་ལམ་ལ་གདེང་འཇོག་ཞུ་ཡི་ཡོད་པ་རེད། གཉིས་པ་ནང་དོན་གྱི་ཐོག་ནས་གདེང་འཇོག་ཞུ་ཡི་ཡོད་པ་རེད་བསམ་གྱི་འདུག  ལྟ་བའི་ཐོག་ནས་གདེང་འཇོག་ག་འདྲ་བྱས་ནས་ཞུ་ཡི་ཡོད་པ་རེད་ཞུས་ན། ང་ཚོས་རྒྱལ་བ་རིན་པོ་ཆེར་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་གུས་བཀུར་གྱི་ཚུལ་ཏུ་གདེང་འཇོག་ཞུ་ཡི་ཡོད་པ་དང་། འཛམ་གླིང་ནང་ཞི་བདེ་དགོས་ཀྱི་ཡོད་པ་རྒྱལ་ཁབ་ཚང་མས་མཁྱེན་གྱི་ཡོད་པ་རེད། འོན་ཀྱང་། ཞི་བདེ་ཡོང་ཐུབ་པའི་ཐབས་ལམ་བརྟན་པོ་ཞིག་འཛམ་གླིང་རྒྱལ་ཁབ་ཚང་མར་མ་རྙེད་ནས་བསྡད་ཡོད་པ་རེད། དེར་བརྟེན། དབུ་མའི་ལམ་གྱིས་བོད་མི་ཙམ་མ་ཟད་འཛམ་གླིང་ནང་ཞི་བདེ་ཡོང་བར་ཕན་ཐོགས་ཤིག་ཡོང་གི་ཡོད་པ་རྒྱལ་ཁབ་ཁག་གིས་མཁྱེན་གྱི་ཡོད་པ་རེད། དེ་གང་ཡིན་ཟེར་ན། བོད་ཀྱི་དཀའ་རྙོག་གལ་ཏེ་མ་སེལ་བ་ཡིན་ན། ཨེ་ཤ་ཡའི་ས་ཁུལ་ཙམ་མ་ཟད་འཛམ་གླིང་གི་ལྷིང་འཇགས་ལའང་གནད་འགོག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བརྒྱུད་བོད་ལ་ཞི་བའི་ལས་འགུལ་སྤེལ་བ་བརྟེན་ནས་བོད་ཀྱི་གནད་དོན་དེ་དྲག་པོའི་ལམ་དུ་མ་སོང་བ་དང་། དེའི་རྐྱེན་པས་རྒྱ་ནག་ནང་དྲག་པོའི་གནས་སྟངས་ཆགས་ཀྱི་མེད་པ། དེ་བཞིན། འཛམ་གླིང་ནང་དྲག་པོའི་གནས་སྟངས་ཤིག་ཆགས་ཀྱི་མེད་པ་སོགས་ནི་དབུ་མའི་ལམ་གྱི་གཟི་བརྗིད་ཅིག་ཡིན་པ་འཛམ་གླིང་མི་མང་ཚང་མས་མཁྱེན་ཐུབ་དགོས་ཀྱི་ཡོད། གལ་ཏེ་བོད་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་བརྒྱུད་སེལ་བའི་ཉི་མ་ཞིག་ཤར་བ་ཡིན་ན། དེས་འཛམ་གླིང་གི་དཀའ་རྙོག་ག་རེ་ཡིན་ཡང་སེལ་ཐུབ་པའི་ཐབས་ལམ་ཞིག་ཡིན་པ་གསལ་བསྡད་ཡོད་པ་རེད་ལ། བོད་ཀྱི་དཀའ་རྙོག་འདི་སྔ་ཕྱི་མ་གཏོགས་སེལ་ཐུབ་པ་ཞིག་རེད། བོད་ཀྱི་དཀའ་རྙོག་འདི་སེལ་བ་ཡིན་ན་དཀའ་རྙོག་གཞན་ལྟར་ལོ་ཁ་ཤས་རྗེས་ཡང་དཀའ་རྙོག་ཅིག་ཡོང་གི་ཡོད་པ་ནང་བཞིན་མ་ཡིན་པར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ནང་བཞིན་ཕྱིན་པ་ཡིན་ན། འཛམ་གླིང་གི་དཀའ་རྙོག་ཚང་མ་སེལ་ཐུབ་པའི་ཐབས་ལམ་བརྟན་པོ་ཆགས་ཡོད་པ་རེད། ཅེས་བརྗོད་འདུག ཀུན་དགའ་བཀྲ་ཤིས་ལགས་ཀྱིས་གཉིས་སྨན་དབུ་མའི་ལམ་ལ་རྒྱ་རིགས་མི་མང་གི་བལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས་ཁོང་གིས། དེ་རིང་གི་བརྗོད་གཞི་ཚང་མ་ཡག་པོ་འདུག་ལ། དམིགས་བསལ་རྒྱ་རིགས་ཚོས་དབུ་མའི་ལམ་ལ་ལྟ་ཚུལ་ག་རེ་ཡོད་མེད་རྒྱ་ཆེའི་མང་ཚོགས་དང་བོད་དོན་འཐབ་རྩོད་ཐད་གནད་འགག་ཆེན་པོ་ཡིན་དུས་བརྗོད་གཞི་ཡག་པོ་རེད། རྒྱ་རིགས་ལབ་དུས་མིང་ཚིག་གཅིག་རེད་དེ་ཧ་ཅང་གི་རྒྱ་ཆེན་པོ་ཞེ་དྲགས་རེད། དེར་བརྟེན། རྒྱ་རིགས་ལབ་དུས་ངས་འདས་པའི་ལོ་ངོ་ ༨ རིང་བྱང་ཨ་རིའི་ཁུལ་གྱི་རྒྱ་རིགས་ཚོར་སྐད་ཆ་བཤད་པར་བརྟེན། ཁོ་ཚོའི་བསམ་བློ་གཏོང་སྟངས་ག་འདྲ་ཡིན་པ་དང་། ཁོ་ཚོའི་གནས་བབ་དེ་ས་ཁུལ་གཞན་གྱི་རྒྱ་རིགས་ཚོ་དང་གཅིག་པ་ཆགས་ཀྱི་ཡོད་པ་ལས་གཞན་ཁྱད་པར་ཞིག་ཧ་ལམ་ཡོད་པ་མ་རེད། ང་ཚོས་རྒྱ་རིགས་ལ་འབྲེལ་བ་བྱས་ཡོང་དུས། བྱང་ཨ་རི་ལྟ་བུར་ཆ་བཞག་ན།  རྒྱ་རིགས་ལ་དབྱེ་བ་ཁ་ཤས་ཤིག་ཡོད་པ་རེད། དེའི་ནང་གཅིག་རྒྱ་རིགས་དམངས་གཙོའི་མི་སྣ་ཆགས་བསྡད་ཡོད་པ་རེད། ཁོ་ཚོ་ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་འོག་བྲོས་བྱོལ་ལ་ཡོང་བ་ཤ་སྟག་རེད། ཁོ་ཚོར་དབུ་མའི་ལམ་དང་བོད་དོན་ཐད་སྐད་ཆ་བཤད་རོགས་ལབ་པ་ཡིན་ན་སྟབས་བདེ་པོ་ཡོད་པ་རེད། རྒྱུ་མཚན། ཁོ་ཚོ་ཕྱིར་རྒྱ་ནག་ལ་ལོགས་ས་མེད་པ་དང་། གཉིས་ནས་རང་དབང་ལུང་པའི་ནང་ཡོད་དུས་སྐད་ཆ་ག་རེ་བཤད་ནའང་འཇིགས་སྣང་མེད་སྟབས། ཁོ་ཚོར་འབྲེལ་བ་བྱེད་པར་སྟབས་བདེ་པོ་དང་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད།  དེ་ནས་རྒྱ་རིགས་རྩོམ་པ་པོ་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་དང་བྱུང་རིམ། གྲུབ་འབྲས་སོགས་ཀྱི་ངོ་བོ་སྒོ་ཀུན་ནས་སློབ་གསོ་སྤྲོད་ཐུབ་པ་ཡིན་ན། ཁོ་ཚོས་རྩོམ་འབྲི་སྐབས་བོད་པའི་དགོས་འདུན་དེ་ཚོ་རྩོམ་ལམ་ནས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད།  དེ་ནས་སྐམ་ས་ཆེན་མོའི་རྒྱ་རིགས་ཚོར་གནས་ཚུལ་ཤེས་རྟོགས་བྱེད་པའི་ཐབས་ལམ་མེད་པས་དབུ་མའི་ལམ་གྱི་སྐོར་ལ་ཤེས་རྟོགས་མེད་པ་རེད།གལ་སྲིད་ཁོ་ཚོས་གནས་ཚུལ་ཅུང་ཙམ་རེ་ཤེས་པ་ཡིན་ནའང་། ཕར་རྒྱ་ནག་ལ་ལོགས་དགོས་ཀྱི་ཡོད་དུས་ཡིག་ངག་གཉིས་ཐོག་ནས་ཡོངས་གྲགས་ཐོག་རྒྱབ་སྐྱོར་བྱེད་པར་བློ་ཁོག་ཡོད་པ་མ་རེད། ཁོ་ཚོར་དགེ་མཚན་ག་རེ་ཡོད་པ་རེད་ལབ་ན། གོ་སྐབས་བྱུང་བ་ཡིན་ན། ཁོ་ཚོའི་ནང་མི་སྤུན་མཆེད་སོགས་ལ་བོད་དོན་སྐོར་གྱི་གནས་ཚུལ་བཤད་ཐུབ་ཀྱི་ཡོད་པ་རེད། ཅེས་དང་། རྒྱ་རིགས་རྩོམ་པ་པོས་བྲིས་པའི་ཏྰ་ལའི་བླ་མ་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་ཡིན་ཞེས་པ་དང་། དབུ་མའི་ལམ་ནི་མི་རིགས་ཀྱི་འགལ་ཟླ་སེལ་བའི་སྨན་མཆོག་ཡིན། ཏྰ་ལའི་བླ་མའི་དབུ་མའི་ལམ། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ཡང་དག་ཡིན། དེ་བཞིན། ངས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པ་སོགས་ཀྱི་ནང་དབུ་མའི་ལམ་ལ་གོ་རྟོགས་བྱུང་བའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་སྐོར་བརྗོད་འདུགམཇུག་ཏུ་ཚེ་དབང་རིག་འཛིན་ལགས་ཀྱིས། བོད་རིགས་གཞོན་སྐྱེས་དང་གཉིས་སྨན་དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས་ཁོང་གིས།  བོད་ཀྱི་བདེན་མཐའ་གསལ་བར་ཐབས་ལམ་གཉིས་ཡོད་པ་དང་། དབུ་མའི་ལམ་ལ་བརྟེན་ནས་ཐོབ་ཆ་རང་སྲིད་རང་སྐྱོང་དང་དེ་བཞིན་རང་བཙན་ལའང་ཡོད་པ་རེད། འོན་ཀྱང་། ང་ཚོའི་ནང་ཁུལ་ལ་རྩ་བ་ཉིད་ནས་ཁ་གཏད་ལྟ་བུ་བྱེད་རྒྱུ་མི་འདུགངས་བསམ་བློ་བཏང་ན་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་གཉིས་མི་གཅིག་གི་ལག་པ་གཡས་གཡོན་ལྟ་བུ་རེད་བསམ་གྱི་ཡོད།གལ་སྲིད་ང་ཚོས་ནང་འཁྲུག་བརྒྱབ་པ་ཡིན་ན་ང་ཚོར་གྱོང་གུད་མ་གཏོགས་མེད་ལ་རྒྱ་ནག་གིས་དེ་འདོད་ཀྱི་ཡོད་པ་རེད། འཛམ་གླིང་ནང་བཙན་བྱོལ་བ་ང་ཚོའི་སྔོན་ལ་མང་པོ་བྱུང་ཚར་བ་རེད། བཙན་བྱོལ་བའི་ལོ་རྒྱུས་ལ་བལྟས་ཡོང་དུས། ཁོ་ཚོ་མང་པོ་ཞིག་ལ་ལམ་ལྷོང་བྱུང་མི་འདུག་ལ། ལམ་ལྷོང་མ་བྱུང་བ་དེ་ཡང་ནང་ཁུལ་འཛིང་རེས་བྱས་ནས་མ་བྱུང་བ་རེད་འདུག དེར་བརྟེན། ང་ཚོས་དམ་བཅའ་བརྟན་པོ་ཞིག་ག་རེ་འཇོག་དགོས་ཀྱི་འདུག་ལབ་ན། དང་པོ་སོ་སོའི་བསམ་བློ་དང་ཡང་ན་ཆོལ་ཁ་ཆོས་ལུགས་ཐོག་ནས་ང་ཚོ་ཆིག་སྒྲིལ་བྱེད་ཀྱི་ཡིན་པའི་དམ་བཅའ་བརྟན་པོ་ཞིག་འཇོག་དགོས་ཀྱི་འདུག དེའི་རྗེས་སུ་གཞི་ནས་སོ་སོའི་ལངས་ཕྱོགས་ཡོང་གི་རེད་བསམ་གྱི་ཡོད་མ་གཏོགས་དང་པོ་ནས་ལངས་ཕྱོགས་སྒང་ལ་ཅིག་བྱས་བསྡད་པ་ཡིན་ན་གྱོང་རག་ས་ང་ཚོ་མ་གཏོགས་ཡོད་པ་མ་རེད། མི་ཁ་ཤས་ཤིག་གིས་རང་བཙན་བརྩད་ན་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་པ་རེད་ཟེར་གྱི་ཡོད། ངས་རང་བཙན་བརྩད་པ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དང་ཐད་ཀར་འགལ་བ་ཞིག་རྩ་བ་ནས་མཐོང་གི་མི་འདུག དེ་བཞིན། རང་སྲིད་རང་སྐྱོང་རྩད་པ་ཡིན་ན་ཁ་ཤས་ཀྱིས་རྒྱལ་འཚོང་བ་རེད་ཟེར་མཁན་ཡོད་ཀྱང་དེ་ཡང་རྩ་བ་ནས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག དེར་བརྟེན། དེ་ཚོའི་ཐོག་དགོངས་པ་བཞེས་རྒྱུ་དཔེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༡༧

Leave a Reply

3 thoughts on “༧གོང་ས་མཆོག་གི་སྒྲིག་འཛུགས་བོད་མིའི་མ་རྩ་གཙོ་བོ་དེ་ཡིན།

  1. བོད་ཀྱི་གླན་ལྐུག་ཚོ། རྒྱལ་ཁབ་གཞན་མས་རྒྱུག་ཁྱི་ཡིན་ན་བརྗོད་མེད་རེད། དེ་མིན་ན་་་་་ རང་བཙན་གཙང་མས་ཐེས་ཏོག་བྱེད་དགོས་མེད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། ? ? ? Wao ! How’s Joking ? तिब्बत की अज़दि भरात की सुरक्षा । हमारा नहीं । अगर तिब्बत आज़ाद है तो “ मोदी मुख खोलो ।ཅོ་ མོ་དི། འཛམ་གླིང་རྒྱལ་སྤྱིད་ནང་ཁ་གདང་ན་་་ ༼ བོད་རང་བཙན། ༽ ཅོ་ ཞི་ཅི་ ཕིན། འཛམ་གླིང་རྒྱལ་སྤྱིད་ནང་ཁ་གདང་ན་་ ༼ དབུ་མའི་ལམ། ༽ ? ? ? འདི་ལས་ ངེད་ཅག་བོད་པ་ཚང་ མིའི་རྣམ་སྤྱོད་ཡོད་ན་ ! བོད་ཆོལ་གསུམ་་་ བོད་གཅིག་་་ ང་བོད་པ། ཆོས་ལུགས་གཅིག་་་ ང་ནང་པ། གཞོན་སྐྱེད་ཚོ་་་ ད་ལྟ་མིའི་ལུང་པ་སློབ་སྦྱོང་ག་ཚོད་ལེན་ཐུབ་ཐུབ། བགྲེས་པ་ཚོ་ སྐུ་རླུང་ཡག་པོ་བཅང་ནས་ བོད་བསྟན་སྲིད་དང་ ༧རྒྱལ་བའི་ཞབས་རྟེན་ མ་ཎི་དང་། བཛྲ་གུ་རུ་གྲངས་རྒྱུ། བཀྲ་ཤིས་བདེ་ལེགས། ཐོ་ཆེ་གནང་། ?

  2. ཚེ་དབང་རིག་འཛིན་ལགས། ཁྱེད་རང་ཐུགས་ཕྲལ་མ་གནང་ལ། ན་ཡོང་ད། བཙན་བྱོལ་སྤྱི་ཚོགས་ནང་་་ དབུ་མས་ལམ་དང་རང་བཙན་གཙང་མ་གཉིས་ལ་་་ ང་ཚོའི་ནང་ཁུལ་ལ་རྩ་བ་ཉིད་ནས་ཁ་གཏད་ལྟ་བུ་བྱེད་རྒྱུ་དང་། ནང་ཁྲུག་ཡོང་ཡ་ཡོད་མ་རེད། གང་ལ་ཞུས་ན་་་ རང་བཙན་གཙང་མ་ཁ་ཙམ་རེད། གཏམ་བརྗོད་དང་འབྲས་དཀར་རང་རེད། རྒྱལ་ཁབ་མང་པོ་རང་བཙན་གཙང་མ་ཕར་ཞོག དམངས་གཙོ་དོན་ལ་མི་བུམ་མང་པོ་རང་སྲོག་གློད་ཡོད། ད་དུང་ཡང་གློད་ཀྱི་ཡོད། རང་བཙན་གཙང་མ་ལ་་་དེ་ལས་ཀྱང་ཡིན་དང་ཡིན། དཔེར་ན་རྒྱ་གར་ལ་ཆ་བཞག་ན་་་ རྒྱ་གར་གྱིས་གཞོན་ནུ་ Bhagat Singh གི་འགོ་ཁྲིད་པས་ རང་བཙན་ལས་འགུལ་ཙམ་པ་རེད། ཙམ་པ་ནང་བཞིན་ མདུན་མཆོང་རྒྱག་པ་རེད། ད་བར་རང་བཙན་གཙང་མ་བཤད་མཁན་བོད་ཀྱི་གཞོན་ནུ་ལོ་ངོ་ ༥༠ ནང་ སུས་མདུན་མཆོང་རྒྱབ་པ་རེད། ད་བར་རང་ལུས་མེར་སྲེག་གནང་མཁན་ནི་ མི་མང་སྐྱུད་མ་རེད། ཁོང་ཚོས་ཀྱང་འབོད་སྒྲ་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་ཤོག་རེད། རྒྱ་གར་བ་དབྱིན་ཇི་འོག་ མི་ ས་ཡ་ ༣༥༠༠༠༠༠༠ རང་སྲོག་དོར་དགོས་བྱུང་ཡོད། གལ་སྲིད་ནང་འཁྲུག་བརྒྱབ་པ་ཡིན་ན་ འདི་ རྒྱ་ནག ཨ་རི། རྒྱ་གར། དབྱིན་ཇིའི་སོགས་ཀྱི་རྒྱུག་ཁྱི་ཡིན་པ་ཐག་ཆོད་པ་རེད། ཁོང་ཚོ་ནང་ལ་མེ་བར་ན་ ཁ་ནས་དུད་པ་སྟོན་གྱི་མེད། རྒྱ་ནག་ཁ་ཏོར་བཏང་ཡ་དམིགས་ཡུལ་ཅམ་ནས་སྡད་ཡོད། དཔེར་ན་རྒྱ་གར་ལ་ཆ་བཞག་ན་་་ རྒྱ་གར་དཔོན་རིགས་ཚོ་ ཁོ་རང་ཚོ་ལས་ཐོག་སྐབས་ བོད་དེ་རྒྱ་ཡིས་ཆ་ཤས་དང་། བོད་དོན་གྱི་སྐད་ཆ་དྲི་མ་ཙམ་ཡང་མེད། རྒས་ཡོལ་ཐོན་ནས་ བོད་དོན་གྱི་སྐད་ཆ་བཤད་ག་བྱེད་ཀྱི་རེད། ད་དུང་རང་བཙན་གཙང་མ་ལེན་དགོས་རེད་སླབ་བྱ་སྐྱོན་གྱི་རེད། ང་ཚོ་བོད་ཀྱི་གཞོན་ནུ་ཡིན་ཟེར་མཁན་བོང་བུ་ཚོའི་རྒྱ་གར་གི་རྒྱབ་སྐྱོར་ཡོད་ཟེར་ནས་ཕག་ཚག་རྒྱབ་ག་བྱེད་ཀྱི་རེད། ཕྱག་ལས་གནང་སྟང་འདི་གས་སྙིང་རྗེ་པོ་ཞེས་དྲག་ཡོད། ???

  3. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོའི་རང་བཙན་དང་དབུ་མའི་ལམ་གང་ལ་སྐྱབས་བཅོལ་ནས་བོད་དོན་སེལ་ཐབས་
    གནང་གི་ཡོད་ཀྱང་གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རང་བཙན་དང་དབུ་
    མའི་ལམ་གང་ཡིན་པ་དེ་གསལ་པོ་འཁོད་དགོས་པ་ལས་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་
    གསལ་ཐབས་ཟེར་བའི་ཐ་སྙད་འཁོད་པ་ལས་རང་བཙན་དང་དབུ་མ་གང་ཡང་གསལ་མི་འདུག་ན་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པའི་ཐོག་ལ་ང་ཚོའི་ལས་འགུལ་སྤེལ་དགོས་པ་དེ་ཁྲིམས་
    ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མ་རེད་དམ།