ལྷན་ཁང་ཁག་ནང་བཙན་གཡེམ་རྩུབ་སྤྱོད་བྱུང་ན་གཏུག་ས་དགོས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནང་བཙན་གཡེམ་རྩུབ་སྤྱོད་རིཊ་བྱུང་ན་ཞུ་གཏུག་བྱེད་སའི་ཚོགས་ཆུང་འཛུགས་འཆར་འདུག

རྒྱ་གར་གཞུང་ནས་གཏན་འབེབ་བཀའ་ཁྱབ་ཕེབས་པ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལྷན་ཁང་ཁག་གི་ནང་རྩུབ་སྤྱོད་དང་བཙན་གཡེམ་བརྙས་བཅོས་རིགས་བྱུང་ཚེ། རོགས་རམ་སློང་སའི་ཚོགས་ཆུང་འཛུགས་དགོས་པའི་བཀའ་ཕེབས་ཡོད་པ་བཞིན། བུད་མེད་ནུས་སྟོབས་ཚན་པས་ལས་གཞི་དང་འབྲེལ་བའི་སྔོན་འགྲོའི་ལས་དོན་རྣམས་སྒྲུབ་བཞིན་འདུག

འཛིན་སྐྱོང་བཀའ་ཤག་གི་བཀའ་ཡིག་དེ་ལག་སོན་མ་བྱུང་བས་དེའི་ནང་ག་རེ་བཀོད་ཡོད་མེད་བུད་མེད་ནུས་སྟོབས་ཚན་པའི་ལས་བྱེད་ཚེ་རིང་སྐྱིད་ལགས་ལ་དྲིས་པ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༨ པའི་མགོ་ཙམ་ལ་བུད་མེད་ནུས་སྟོབས་ཚན་པས་ལྷན་ཁང་ཁག་གི་ནང་རྒྱ་གར་གྱི་ཡུལ་ཁྲིམས་ལྟར། ལྷན་ཁང་ཁག་གི་ནང་བཙན་གཡེམ་དང་རྩུབ་སྤྱོད་དང་འབྲེལ་ནས་ཞུ་གཏུག་ཚོགས་ཆུང་ཞིག་འཛུགས་དགོས་སྐོར་བཀའ་ཤག་ལ་ཞུས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བཀའ་ཤག་ནས་ལས་གཞི་འདི་ཡུལ་ཁྲིམས་དང་མཐུན་པས་ངེས་པར་ཞུ་གཏུག་ཚོགས་ཆུང་འཛུགས་དགོས་པའི་བཀའ་གནང་བ་ཞིག་ཡིན་འདུག

ཚོགས་ཆུང་འཛུགས་དགོས་པའི་དམིགས་ཡུལ་སྐོར་ལ་ཚེ་རིང་སྐྱིད་ལགས་ཀྱིས། ད་ལྟའི་ལས་གཞི་འདི་སྔོན་འགྲོའི་ལས་གཞི་ཡིན་སྟབས། ང་ཚོས་ཐོག་མར་ཆུང་ས་ནས་ལྷན་ཁང་ཁག་གི་ནང་མགོ་འཛུགས་ཀྱི་ཡོད་པ་རེད། དམིགས་ཡུལ་གཙོ་བོ་ནི་ང་ཚོའི་སྤྱི་ཚོགས་ནང་བཙན་གཡེམ་དང་རྩུབ་སྤྱོད། དྲག་སྤྱོད་ཀྱི་རིགས་སོགས་འགོག་ཐབས་བྱེད་པ་དང་། ང་ཚོའི་སྒྲིག་འཛུགས་ཀྱི་ནང་སྒྲིག་གཞི་དང་འགྲོ་སྟངས་ཤིག་ཡོད་ཚེ་དེའི་རིགས་ཀྱི་དཀའ་ངལ་འཕྲད་མཁན་ཡིན་ནའང་སེལ་བར་སྟབས་བདེ་རུ་འགྲོ་བའི་ཁོར་ཡུག་ཅིག་སྐྲུན་ཐབས་དང་། གལ་སྲིད་ལས་བྱེད་ཅིག་གི་དཀའ་ངལ་ཚོགས་ཆུང་བརྒྱུད་སེལ་ཐུབ་ཚེ། ལས་བྱེད་དེའི་ལས་ཀའི་ཁོར་ཡུག་ཡག་ཏུ་ཕྱིན་ཏེ། ལས་བྱེད་སྤྱིའི་ལས་ཀར་ནུས་པ་འདོན་ཐུབ་པའི་ཆེད་དུ་ལས་གཞི་འདི་མགོ་བཙུགས་པ་རེད། ཅེས་བརྗོད་བྱུང་།

ཞུ་གཏུག་ཚོགས་ཆུང་གི་ལས་ཀ་ག་དུས་མགོ་འཛུགས་ཀྱི་ཡོད་དྲིས་པར། ད་ལྟ་ཚོགས་ཆུང་གི་ལམ་སྟོན་རྩ་ཡིག་གཏན་འབེབ་བྱེད་བཞིན་ཡོད་པ་དང་། གཏན་འབེབ་ཡག་པོ་ཞིག་བྱུང་རྗེས། ཚོགས་ཆུང་གི་ཚོགས་མི་འདེམས་པ་དང་ཚོགས་མིར་ཟབ་སྦྱོང་སྤྲོད་པ་སོགས་ཡོང་གི་རེད་བསམ་གྱི་འདུག ཏོག་ཙམ་འགོར་མདོག་ཁ་པོ་རེད། གང་ཡིན་ཟེར་ན། ང་ཚོ་ལ་ལྷན་ཁང་ཁག་ནས་གནད་དོན་དེ་དང་འབྲེལ་ནས་ཤེས་བྱ་དང་དོ་སྣང་། ཉམས་མྱོང་དང་བློ་གཟུ་བོར་གནས་མཁན་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

ལས་དོན་དེ་དོན་ཕན་ལྡན་པ་ཞིག་ཡོང་མིན་སྤྱི་ཚོགས་ཁྱོན་ཡོངས་ལ་རག་ལུས་ཡོད་སྐོར་ཁོ་མོས། ང་ཚོའི་ལས་ཀ་དེ་ཅི་ཙམ་ཡག་པོ་ཆགས་ཀྱི་ཡོད་མེད་སྐོར་ལ་དྲི་བ་མང་པོ་ཞིག་ཡོང་གི་འདུག ལས་གཞི་འདི་ང་ཚོའི་སྤྱི་ཚོགས་ནང་ཐེངས་དང་པོར་བྱེད་ཀྱི་ཡོད་སྟབས། ང་ཚོར་ཡང་དཀའ་ངལ་མང་པོ་འདུག དམིགས་བསལ་གྱིས་བཙན་གཡེམ་དང་རྩུབ་སྤྱོད་ལབ་ན་ལས་སླ་བོར་ཁས་ལེན་གྱི་མེད་པ་དེ་དཀའ་ལས་ཤིག་རེད། ང་ཚོས་ལས་ཀ་ཡག་པོ་ཆགས་དང་མ་ཆགས་དེ་མཉམ་འཁུར་གྱི་འགན་རེད། ང་ཚོའི་ངོས་ནས་གང་ཐུབ་ཀྱིས་ཞུ་གཏུག་ཚོགས་ཆུང་འཛུགས་པ་དང་། ཚོགས་མིར་ཟབ་སྦྱོང་སྤྲོད་པ་སོགས་བྱས་ནའང་། ལས་ཀ་འདི་སྤྱི་ཚོགས་དང་འབྲེལ་བ་ཡོད་སྟབས། ཅི་ཙམ་ཡག་པོ་འབྱུང་མིན་སྤྱི་ཚོགས་ཀྱི་འགན་འཁྲི་ལའང་རག་ལུས་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

བུད་མེད་ནུས་སྟོབས་ཚན་པའི་ད་ལྟའི་འཆར་གཞི་ལྟར་ན། ཞུ་གཏུག་བྱེད་སའི་ཚོགས་ཆུང་དེ་རྣམས་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་པའི་ཚན་པ་ཁག་གི་མིང་ཐོག་ནས་ལྷན་ཁང་རེ་ལ་རེ་རེ་འཛུགས་རྒྱུ་དང་། ཚོགས་ཆུང་རེ་ལ་ཚོགས་མི་བཞི་རེ་དང་དེ་ལས་གཉིས་ངེས་པར་དུ་བུད་མེད་ཡིན་དགོས་པ་མ་ཟད། སྣེ་འཁྲིད་མཁན་ཡང་བུད་མེད་ཅིག་ཡིན་དགོས་པ། དེ་བཞིན་བཙན་གཡེམ་སོགས་རྩུབ་སྤྱོད་རིགས་ཀྱི་དཀའ་ངལ་བྱུང་ཚེ་ཚོགས་ཆུང་གི་ཚོགས་མིས་ཐག་གཅོད་བྱེད་ཐབས་དགོས་པ་དང་། ཚོགས་ཆུང་གིས་ཐག་གཅོད་བྱེད་མ་ཐུབ་པ་རྣམས་བུད་མེད་ནུས་སྟོབས་ཚན་པའི་ལམ་སྟོན་ཚོགས་ཆུང་གིས་ཐག་གཅོད་བྱ་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་གཞུང་ནས་ལས་ཀའི་ཁོར་ཡུག་ནང་ཆགས་སྲེད་དང་འབྲེལ་བའི་རྩུབ་སྤྱོད་ཀྱི་ཁྲིམས་གཏན་འབེབ་གནང་སྟེ། ལས་ཁུངས་གང་རུང་ཞིག་གི་ནང་ལས་བྱེད་ ༡༠ ལྷག་ཡོད་ཚེ་ངེས་པར་དུ་ཞུ་གཏུག་ཚོགས་ཆུང་འཛུགས་དགོས་པ་དང་། ཚོགས་ཆུང་དེར་ཚོགས་མི་བཞི་དང་གཉིས་ངེས་པར་དུ་བུད་མེད་ཡིན་དགོས་པ་གསལ་ཡོད་འདུག་ལ། ཐེངས་འདིའི་བུད་མེད་ནུས་སྟོབས་ཚན་པའི་ལས་གཞི་འདི་རྒྱ་གར་ཡུལ་ཁྲིམས་དང་ཕྱི་ལོ་ ༢༠༡༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཀྱི་དོན་ཚན་ ༧ པ་སྟེ། བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་ཞེས་པའི་དགོངས་དོན་ལྟར་སྤེལ་གྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༡༩

Leave a Reply

2 thoughts on “ལྷན་ཁང་ཁག་ནང་བཙན་གཡེམ་རྩུབ་སྤྱོད་བྱུང་ན་གཏུག་ས་དགོས་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ཧཧ་ལྷན་ཁང་ཁག་གི་ནང་བུད་མེད་ལ་བཙན་གཡེམས་དང་རྩུབ་སྤྱོད་གཏོང་མཁན་
    ཨ་ཡོད་ལ་བུད་མེད་ཀྱིས་ནུས་སྟོབས་སྤེལ་རྒྱུ་འདི་ཙམ་ལས་གཞན་ལས་འཆར་མེད་པ་
    ཡིན་ནམ་ཡང་ན་ལས་འཆར་གསར་གཏོད་བྱ་རྒྱུ་རག་གི་མེད་པ་ཡིན་ནམ་ག་འདྲ་ཡིན་
    ནམ་ཧཧཧ