འཛམ་གླིང་གི་གསང་བའི་བརྙན་མིག་མང་ཤོས་རྒྱ་ནག་ནང་འདུག 

དབྱིན་ཡུལ་གྱི་འཕྲུལ་རིག་གཤིབ་བསྡུར་ཁང་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་དང་ཁྲུང་ཆིན་གཉིས་ཀྱི་ནང་མི་ ༡༠༠༠ རེར་གསང་བའི་བརྙན་མིག་བརྒྱ་ལྷག་གིས་ལྟ་རྟོག་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག 

ཁ་སང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་གྱི་འཕྲུལ་རིག་གཤིབ་བསྡུར་ཁང་ (Comparitech)གིས།  འཛམ་གླིང་ནང་གསང་བའི་བརྙན་མིག་གི་ལྟ་རྟོག་ཤུགས་ཆེ་ཤོས་ཀྱི་གྲོང་ཁྱེར་ ༡༠ ཐེར་འདོན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དང་། ལྟ་རྟོག་ཤུགས་ཆེ་ཤོས་ཀྱི་གྲོང་ཁྱེར་ ༡༠ ཡི་ནང་རྒྱ་ནག་གི་ཁྲུང་ཆིན་ (Chongqing) དང་ཧྲིན་ཀྲིན་ (Shenzhen)། ཧྲང་ཧེ་ (Shanghai) སོགས་གྲོང་ཁྱེར་ ༨ ཚུད་ཡོད་འདུག་ལ། དེའི་ནང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ཨང་ ༦ པ་དང་། ཨ་རིའི་མངའ་སྡེ་འཇོར་ཇི་ཡའི་གྲོང་ཁྱེར་ཨེ་ཊི་ལན་ཊེ་ (Atlanta,Gerogia) ཨང་ ༡༠ པ་ཡིན་འདུག

ཞིབ་འཇུག་ཁང་དེའི་སྙན་ཐོའི་ནང་། མི་གྲངས་ ༡༠༠༠ རེར་བརྙན་མིག་ཅི་ཙམ་གྱིས་ལྟ་རྟོག་བྱེད་ཀྱི་ཡོད་མེད་གཞིར་བཞག་གིས། རྒྱ་ནག་གི་གྲོང་ཁྱེར་ཁྲུང་ཆིན་དུ་ཁྱོན་བརྙན་མིག་ས་ཡ་ ༢ (༢༥༧༩༨༩༠)ལྷག་བཙུགས་ཏེ། མི་གྲངས་ ༡༠༠༠ རེར་བརྙན་མིག་ ༡༦༨།༠༣ གྱིས་ལྟ་རྟོག་བྱེད་ཀྱི་ཡོད་པས། འཛམ་གླིང་སྟེང་གི་བརྙན་མིག་གི་ལྟ་རྟོག་ཤུགས་ཆེ་ཤོས་ཀྱི་གྲོང་ཁྱེར་དུ་གྱུར་ཡོད་པ་དང་། དེ་ནས་ཡང་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་དུ་ཁྱོན་བརྙན་མིག་ས་ཡ་ ༡ ལྷག་(༡༩༢༩༦༠༠) བཙུགས་ཡོད་པ་དང་། མི་གྲངས་ ༡༠༠༠ རེར་བརྙན་མིག་ ༡༥༩།༠༩ ཡིས་ལྟ་རྟོག་བྱེད་བཞིན་ཡོད་པས། འཛམ་གླིང་སྟེང་གི་བརྙན་མིག་གི་ལྟ་རྟོག་ཤུགས་ཆེ་ཤོས་ཀྱི་གྲོང་ཁྱེར་གཉིས་པར་གྱུར་ཡོད་པ་དང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྲོང་ཁྱེར་དུ་བརྙན་མིག་གྲངས་ ༦༢༧༧༠༧ དང་། ཨ་རིའི་མངའ་སྡེ་འཇོར་ཇི་ཡའི་གྲོང་ཁྱེར་ཨེ་ཊི་ལན་ཊེ་རུ་བརྙན་མིང་ ༧༨༠༠ ཡོད་འདུག

གཞན་ཡང་།རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་ ༢ ལྷག་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཐོན་པའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡུ་རམ་ཆི་ (Uramqi) ནང་ཁྱོན་བརྙན་མིག་ ༤༣༣༩༤ བཙུགས་སྟེ། མི་གྲངས་ ༡༠༠༠ རེར་བརྙན་མིག་ ༡༣།༠༦ གིས་ལྟ་རྟོག་བྱེད་ཀྱི་ཡོད་སྟབས། བརྙན་མིག་གི་ལྟ་རྟོག་ཆེ་ཤོས་ཀྱི་གྲོང་ཁྱེར་ ༡༤ པ་དེ་ཆགས་ཡོད་འདུག

ཡང་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནང་བརྙན་མིག་དུང་ཕྱུར་ ༦ ལྷག་གསར་དུ་འཛུགས་འཆར་ཡོད་པ་དང་། དེ་ལྟར་བྱས་ཚེ་རྒྱ་ནག་ནང་མི་གཉིས་རེར་བརྙན་མིག་གཅིག་གིས་ལྟ་རྟོག་བྱེད་ཐུབ་པའི་ཚོད་དཔག་བྱས་འདུག་ལ།  འཛམ་གླིང་གི་བརྙན་མིག་མང་ཤོས་ཀྱི་གྲོང་ཁྱེར་གཉིས་པ་ཧྲིན་ཀྲིན་གྱི་ད་ཡོད་བརྙན་མིག་ཁྲི ༡༩ དེ་ལོ་རྗེས་མར་བརྒྱ་ཆ་ ༡ ལྷག་སྤར་འཆར་ཡོད་པ་དང་། གལ་སྲིད་རྒྱ་ནག་རྒྱལ་ཡོངས་ཀྱི་བརྙན་མིག་བརྒྱ་ཆའི་ ༡ ཙམ་སྤར་ཚེ་རྒྱ་ནག་ནང་མི་རེ་ལ་བརྙན་མིག་གཉིས་རེ་ཡིས་ལྟ་རྟོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་འབྲེལ། བརྙན་མིག་མང་པོ་བཙུགས་པ་ཙམ་གྱིས་བདེ་འཇགས་ཆེ་བ་དང་ཉུང་བ་ཙམ་གྱིས་བདེ་འཇགས་ཆུང་བ་ཡོད་པ་ར་སྤྲོད་ཐུབ་ཀྱི་མེད་སྐོར་བཀོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་གསང་བའི་བརྙན་མིག་གི་ལྟ་ཞིབ་གནས་སྟངས་སྐོར་སྐད་ཆ་དྲིས་པར་ཁོང་གིས།  ཕྱི་ལོ་ ༢༠༡༨ ལོར་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབ་གསལ་བསྒྲགས་བྱས་ཡོད་པ་དང་། དེང་སང་གྲོང་རྡལ་དང་གྲོང་ཁུལ་ཙམ་མ་ཟད། གཞི་རིམ་གྱི་ས་གནས་ཁུག་ཀྱོག་ཁག་ཏུ་གློག་དང་ཆུ་འཐེན་པ་དང་། རྒྱ་ལམ་འཛུགས་པ་སོགས་ཀྱིས་ཚང་མ་གྲོང་སྡེ་ཅན་གྱི་རྣམ་པར་བསྒྱུར་ཡོད་པ་རེད། དེང་སྐབས་བོད་ཁུལ་གྱི་ས་གནས་ཤིག་ནས་དོན་དག་ཅིག་བྱུང་བ་ཡིན་ནའང་མང་ཆེ་བར་ཉེན་རྟོག་པ་ཐད་ཀར་འགྲོ་དགོས་ཀྱི་མེད་པར། དོ་བདག་གི་ཐོབ་ཐང་ལག་ཁྱེར་ཀྱི་ཨང་གྲངས་དང་ཁ་པར་ཨང་གྲངས། དངུལ་བྱང་གི་ཨང་གྲངས་སོགས་ཉེན་རྟོག་ཁང་ནང་ཡོད་པ་དང་། མི་རེར་ཁ་པར་རེ་དང་ཁྱིམ་ཚང་རེར་བརྙན་འཕྲིན་མེད་མཁན་ཕལ་ཆེར་མེད་སྟབས། ཁ་པར་དང་བརྙན་འཕྲིན་སོགས་བརྒྱུད་ཁྱེད་རང་ས་ཆ་གང་དུ་སོང་ནའང་ཤེས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་དེར་ཤུགས་རྒྱག་གི་ཡོད་པ་རེད། ང་ཚོས་བཤད་སྟངས་ཤིག་ལ། ཕྱི་ལོ་ ༢༠༠༨ ལོའི་སྔོན་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྲིད་དབང་ལ་དབང་བསྒྱུར་བྱས་ཡོད་པ་ལས། མི་མང་གི་བསམ་བློ་དང་འཚོ་བ་ལ་དབང་བསྒྱུར་བྱེད་ཐུབ་མེད་སྟབས། བོད་མིའི་བསམ་བློ་དང་འཚོ་བར་དབང་བསྒྱུར་བྱེད་ཐུབ་མེད་པ་དེ་ནི་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་སྒེར་ལངས་རྗེས་ཀྱི་རྒྱ་ནག་གི་སྲིད་བྱུས་ཀྱི་དམིགས་འབེན་གཙོ་བོ་ཡིན་པ་དང་། དེང་སྐབས་གཞི་རིམ་ཁག་ཏུ་ཆ་བཞག་ནའང་། གྲོང་སྡེ་རུ་ཁག་དང་དགོན་སྡེ་རུ་ཁག དམངས་དོན་ཞབས་ཞུ་ཚོགས་པ་ཟེར་བ་སོགས་ཀྱི་ཚོགས་པ་མང་པོ་འཛུགས་ཀྱི་ཡོད་པ་དང་། ཚང་མའི་དམིགས་ཡུལ་ནི་གཞི་རིམ་མི་མང་གི་བསམ་བློ་ཏང་གི་ནང་ལེན་རྒྱུ་དེ་ཡིན་པ་རེད། དེ་བཞིན་བརྒྱུད་ལམ་ཁག་གི་བརྙན་མིག་ཀྱང་དེ་མཚུངས་རེད། ཅེས་བརྗོད་བྱུང་། 

ཉེ་བའི་ལོ་འགའི་ནང་རྒྱ་ནག་གཞུང་གིས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་ཆེད། གཞུང་ལམ་ཁག་གི་ནང་བརྙན་མིག་བརྒྱུད་དོགས་ཟོན་མྱུལ་ཞིབ་གྱི་ལས་གཞི་ཧ་ཅང་ཤུགས་ཆེ་རུ་བཏང་སྟེ། གདོང་རིས་པར་ལེན་འཕྲུལ་ཆས་དང་སྐད་གདངས་ངོས་འཛིན་མ་ལག་སོགས་སྤྱད་དེ། མི་སྒེར་གྱི་རང་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ནས་ ༢༠༢༠ བར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་ (Social Credit System) ཟེར་བའི་ལས་གཞི་བརྩམས་ཏེ། རྔན་སྤྲོད་དང་ཆད་གཅོད་ཀྱི་ཐབས་བྱུས་སྤྱད་དེ་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་སོགས་ལ་འགལ་ཚེ་ཨང་རིམ་དམའ་མོ་སྤྲད་དེ་འགྲོ་འདུག་སྤྱོད་གསུམ་སོགས་ལ་ཚད་བཀག་བྱེད་པ་དང་། རྒྱལ་སྤྱིའི་གཞུང་དང་མི་མང་འགྲོ་འདུག་ལ་ལྟ་རྟོག་ཆེད་གློག་ཀླད་དང་ཁ་པར་སོགས་བརྒྱུད་ནས་གསང་འཛུལ་བྱེད་པའི་ཐབས་ལམ་འཚོལ་གྱི་ཡོད་པ་རེད།

དེ་བཞིན་ཁ་སང་ཕྱི་ཚེས་ ༡༩ ཉིན། ཊི་ཝེ་ཊིར་དང་ངོ་དེབ་སྤྱི་ཚོགས་དྲ་ལམ་སྤྱི་གཉེར་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ཆར་ཞིག་ནས་རྒྱ་ནག་གཞུང་གིས་ཊི་ཝེ་ཊིར་དང་ངོ་དེབ་ཀྱི་ཁ་བྱང་ (Account) དང་། ཚོགས་པ། (Group)  ཤོག་ངོས་ (Page) བརྒྱུད་ནས་ད་ལྟའི་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གནས་ཚུལ་རྫུན་མའམ། ཕྱོགས་ལྷུང་ཅན་གྱི་གནས་ཚུལ། འགལ་ཟླ་བསྐྲུན་པའི་གནས་ཚུལ་སོགས་བརྒྱུད་སྤེལ་བྱེད་བཞིན་པ་ཤེས་རྟོགས་བྱུང་སྟེ། ཊི་ཝེ་ཊིར་གྱིས་ཁྱོན་ཁ་བྱང་ ༩༣༦ སྒོ་བརྒྱབས་འདུག་པ་དང་། ངོ་དེབ་ཀྱིས་དེ་འབྲེལ་གྱི་ངོ་དེབ་ཁ་བྱང་ ༥ དང་། རྗེས་འབྲང་བ་ ༡༥༥༠༠ ལྷག་ཡོད་པའི་ངོ་དེབ་ཤོག་ངོས་ ༧།  དེ་བཞིན་ཚོགས་མི་ ༢༢༠༠ ལྷག་ཡོད་པའི་ཚོགས་པ་ ༣ བཅས་སྒོ་བརྒྱབས་ཡོད་སྐོར་བསྒྲགས་འདུག་པ་མ་ཟད། ཊི་ཝེ་ཊིར་གྱིས་ད་ནས་བཟུང་གཞུང་གི་སྟངས་འཛིན་འོག་གི་གསར་ཁང་ཁག་གིས་ཊི་ཝེ་ཊིར་དྲ་རྒྱའི་ནང་དངུལ་སྤྲད་ནས་ཁྱབ་བསྒྲགས་རིགས་བྱེད་མི་ཆོག་པར་བཟོས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༢༡

Leave a Reply

2 thoughts on “འཛམ་གླིང་གི་གསང་བའི་བརྙན་མིག་མང་ཤོས་རྒྱ་ནག་ནང་འདུག 

  1. ངག་དབང་རྒྱལ་པོ།

    གསང་བའི་བརྙན་མིག་ལས་སྦས་ལམ་བརྙན་མིག་ཟེར་ན་ལེགས་པ་འདུག་སྙམ། གང་ལ་ཟེར་ན་ཤེས་རིག་གཏན་འབེབས་བརྡ་ཆད་གཞིར་བྱས་ན་ closed circuit television ལ་སྦ་ལམ་བརྙན་འཕྲིན་ཟེར་གྱི་འདུག གསར་འགྱུར་བརྒྱུད་ལམ་རྣམས་ནས་ཤེས་རིག་གཏན་འབེབས་བརྡ་ཆད་ཁག་ལ་གཞི་བཅོལ་གནང་ཐུབ་ཚེ་ཐ་སྙད་གཅིག་གྱུར་ཡོང་བར་དགེ་མཚན་ཆེ་བར་མཐོང་།