ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་གཞུང་དང་གྲོས་མོལ་གྱི་སྡིངས་ཆ་སྐྲུན་རྒྱུར་ངོས་ལེན་བྱས་མི་འདུག

ཧོང་ཀོང་ས་གནས་གཞུང་གིས་མི་མང་གི་ངོ་རྒོལ་ལས་འགུལ་ཞི་འཇགས་ཡོང་ཆེད་གཞུང་དང་གྲོས་མོལ་བྱེད་སའི་སྡིངས་ཆ་བསྐྲུན་དགོས་ཟེར་བར་ཧོང་ཀོང་སྤྱི་མང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མི་མང་གིས་ངོས་ལེན་བྱས་མེད་འདུག

ཁ་སང་ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁབ་པ་ཁཱ་རེ་ལམ་གྱིས་གསལ་བསྒྲགས་ཤིག་སྤེལ་ནས།  ཧོང་ཀོང་ས་གནས་གཞུང་གིས་མྱུར་དུ་ཧོང་ཀོང་སྤྱི་མང་ཡོངས་ལ་བསམ་འཆར་འདོན་སའི་སྡིངས་ཆ་ཞིག་སྐྲུན་ནས། འདས་པའི་ཟླ་གཉིས་ལྷག་རིང་གི་ཉེན་ཅན་རྩིས་སྤྲོད་ཁྲིམས་རྒོལ་ཡར་ལངས་ཐད་མི་མང་མཉམ་དུ་གྲོས་མོལ་གྱིས་སེལ་ཐུབ་པར་རེ་བ་ཡོད་སྐོར་བརྗོད་ཡོད་ན་ཡང་། ཧོང་ཀོང་གི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་འཆར་ངོ་རྒོལ་ལས་འགུལ་བ་ཚོས་ཁཱ་རེ་ལམ་གྱི་བྱེད་ཐབས་དེ་ནི་གཡོ་བྱུས་ཤིག་ཡིན་པ་དང་། ཁོ་མོས་གཞུང་གིས་དེ་སྔོན་ཁྲིམས་རྒོལ་ལས་འགུལ་བ་ཚོས་རེ་ཞུ་དོན་ཚན་ལྔ་ཅན་དེ་ཁས་མ་བྱས་པར་རྩིས་མེད་བཏང་བས། ཐེངས་འདིའི་གྲོས་མོལ་གྱི་སྡིངས་ཆ་སྐྲུན་རྒྱུ་ཟེར་བར་ཁས་ལེན་བྱེད་རྒྱུ་མིན་སྐོར་བརྗོད་འདུག

གྲོང་ཁྱེར་སྤྱི་ཁྱབ་མས་གསལ་བསྒྲགས་སྐབས། ང་ཚོས་མི་མང་གི་བསམ་འཆར་ཕུལ་སའི་སྡིངས་ཆ་སྐྲུན་རྒྱུའི་ལས་དོན་མགྱོགས་མྱུར་ངང་འཛུགས་ཐུབ་པ་བྱ་རྒྱུ་ཡིན་པ་དང་། གྲོས་མོལ་གྱི་ཐབས་ལམ་དེ་ནས་ཕན་ཚུན་བསམ་ཤེས་དང་གུས་བརྩིའི་ངང་མ་འོངས་པའི་ཧོང་ཀོང་གི་མདུན་ལམ་སླར་གསོ་ཡོང་ཐུབ་པའི་རེ་བ་ཡོད་ལ། གྲོས་མོལ་གྱི་སྡིངས་ཆ་དེ་བརྒྱུད་ལམ་གཞན་མ་ཡིན་པར་གཞུང་ངོས་ནས་ཐད་ཀར་སྒོ་ཕྱེ་རྒྱུ་ཡིན་པ་དང་། ལས་དོན་དེའི་ནང་ཧོང་ཀོང་གི་རྒན་གཞོན་བར་གསུམ་མེད་པར་མི་མང་ཡོངས་འཛུལ་ཞུགས་བྱས་ཆོག་པ་དང་། ལས་དོན་དེས་སྤྱི་ཚོགས་ཁྱོན་ཡོངས་ཞི་འཇགས་ཡོང་ནས་དྲག་སྤྱོད་རིགས་དང་རིང་དུ་བྲལ་བའི་རེ་བ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཡང་མོས་ཁ་སང་བསྐྱར་དུ་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ཤི་སོང་བ་དང་། ཁྲིམས་འཆར་དེ་ད་ལྟ་སྤྱི་མང་གི་འདོད་མོས་བཞིན་གྲོས་ཚོགས་ནང་འཁྱེར་ཡོང་ས་མེད་སྐོར་ལས་ཁྲིམས་འཆར་རྩ་ནས་ཕྱིར་འཐེན་བྱས་པ་ཡིན་སྐོར་བརྗོད་མེད་པ་དང་། ཁྲིམས་རྒོལ་ལས་འགུལ་བ་ཚོས་ཉེན་ཅན་རྩིས་སྤྲོད་ཁྲིམས་འཆར་རྩ་ནས་རྩིས་མེད་གཏོང་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་མ་ཟད། ཧོང་ཀོང་ཉེན་རྟོག་ཕྱོགས་ནས་ལས་འགུལ་བ་ཚོར་དྲག་སྤྱོད་རིགས་སྤེལ་བར་སྲིད་གཞུང་དང་ཉེན་རྟོག་པ་གང་གི་ཕྱོགས་མ་ཡིན་པའི་རང་དབང་ལྡན་པའི་ཚོགས་པ་གསུམ་པ་ཞིག་གིས་རྟོག་ཞིབ་དགོས་སྐོར་བརྗོད་ཡོད་པ་ལྟར། གནད་དོན་དེའི་ཐད་ཁཱ་རེ་ལམ་གྱིས་མི་རིང་བར་ཞི་འཇགས་ཡོང་བ་ཡིན་ན། རང་དབང་ལྡན་པའི་ཚོགས་ཆུང་ཞིག་གིས་ཉེ་སྔོན་བྱུང་བའི་ཧོང་ཀོང་མེ་འཁོར་བབ་ཚིགས་སུ་མི་མང་ནང་དྲག་སྤྱོད་སྤེལ་མཁན་སོགས་ཚུད་པའི་ཞིབ་མཇུག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཧོང་ཀོང་སྤྱི་མང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཇི་མི་ཤེམ་(Jimmy Sham)ལགས་ཀྱིས། ཐེངས་འདིར་ཁཱ་རེ་ལམ་གྱི་མི་མང་ལ་སྐྲུན་པའི་གྲོས་མོལ་སྡིངས་ཆ་ནི་མི་མང་བསླུ་བྲུད་དང་གཡོ་ཐབས་ཤིག་ཡིན་པ་དང་། མོས་དམ་བཅའ་བཞག་པ་མང་ཆེ་བ་ཞིག་རྫུན་མ་ཡིན་པ་དང་དེ་སྔོན་ཁྲིམས་འཆར་ཤི་སོང་བ་རེད་ཅེས་བཤད་པ་དང་། ཁྲིམས་འཆར་ཤི་སོང་བ་ཡིན་ན་གཞུང་ངོས་ནས་ག་རེ་བྱས་རྩ་ནས་ཕྱིར་འཐེན་ཡིན་མ་ལབ་དང་། ཐེངས་འདིར་མི་མང་ལ་སྐྲུན་པའི་གྲོས་མོལ་གྱི་སྡིངས་ཆ་ཟེར་བ་དེ་མོ་རང་གི་དམིགས་ཡུལ་འགྲུབ་ཐབས་ཤིག་དང་མི་མང་མགོ་སྐོར་ཐབས་ཤིག་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་ཧོང་ཀོང་ནང་ཉེན་ཅན་རྩིས་སྤྲོད་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་སྤེན་ནས་ཟླ་ ༢ ལྷག་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་འཇིགས་སྐུལ་ལ་མ་ལྟོས་པར་ཧོང་ཀོང་མི་མང་ས་ཡ་ ༢ མ་ཟིན་ཙམ་གྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཁ་སང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན་ཧོང་ཀོང་མི་མང་གིས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པའི་འཆར་གཞི་འདོན་བཞིན་ཡོད་པ་དང་། ཕྱི་ཚེས་ ༢༡ ནས་ཟླ་འདིའི་ཟླ་འཇུག་བར་རིམ་པ་གཞིན་ས་ཚིགས་ཁག་མི་འདྲ་བ་ནས་མི་མང་འདུ་འཛོམས་དང་མི་མང་ལག་རྡང་སྦྲེལ་ནས་ལས་འགུལ་སྤེལ་རྒྱུ་སོགས་རིམ་པ་བཞིན་བསྒྲིགས་ཡོད་འདུག

ཧོང་ཀོང་གི་ཁྲིམས་རྒོལ་ལས་འགུལ་སྐབས་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ལས་འགུལ་བ་ནག་པོ་བཟོ་ཐབས་དང་གསར་འགྱུར་རྫུན་མ་རིགས་སྤེལ་བ་སོགས་བྱེད་བཞིན་ཡོད་པ་དང་། ཁ་སང་ནས་ངོ་དེབ་དང་སྤྱི་ཚོགས་དྲ་ལམ་ཊེ་ཊིར་སོགས་ཀྱིས་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་ངོ་དེབ་དྲ་ཁུངས་དང་ཊེ་ཊིར་དྲ་ཁུངས་ ༡༠༠༠ ལྷག་ནག་བསུབ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་རིགས་ལ་འཁྱོག་བརྗོད་ཀྱིས་ཊེ་ཊིར་དྲ་ལམ་ཁག་ཏུ་རིན་པ་སྤྲད་ནས་ཁྱབ་སྤེལ་གཏོང་བ་སོགས་མེད་པ་བཟོས་ཡོད་པ་དང་། སྤྱི་ཚོགས་དྲ་ཁུངས་དེ་དག་གིས་རྒྱ་ནག་གཞུང་གི་ལངས་ཕྱོགས་བཟུང་ནས་ཧོང་ཀོང་གི་ལས་འགུལ་ཐད་གནས་ཚུལ་རྫུན་མ་དང་གསར་འགྱུར་རྫུན་མ་རིགས་སྤེལ་བཞིན་ཡོད་སྐོར་བརྗོད་འདུག

གས་རའགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༢༢

Leave a Reply