རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་ལ་ཁྲིམས་བཤེར།

རྒྱ་གར་དབུས་ནང་སྲིད་དང་དཔལ་འབྱོར་གཉིས་ཀྱི་བློན་ཆེན་གནང་མྱོང་བའི་སྐུ་ཞབས་པི་ཆི་ཌམ་བྷ་རམ་ལགས་ཀྱིས་ལྐོག་རྔན་བླངས་བའི་དོགས་གཞིའི་འོག་ཁྲིམས་བཤེར་བྱེད་ཀྱི་འདུགདེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱལ་ས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་གིས། རྒྱ་གར་གྱི་དཔལ་འབྱོར་དང་། ནང་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་པི་ཆི་ཌམ་བྷ་རམ་(P Chidambaram)ལགས་ལ་ཁྲིམས་བཤེར་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བསྐྱར་དུ་ཁྲིམས་ར་འཚོགས་རྒྱུ་ཡིན་འདུག་ལ། བློན་ཆེན་ཟུར་པ་ཁོང་གིས་དེ་སྔོན་མཉམ་འབྲེལ་དཔལ་འབྱོར་མཉམ་འབྲེལ་གྱི་བློན་ཆེན་གནང་སྐབས།  དབང་ཆ་ལོག་སྤྱོད་ཀྱིས་རྒྱ་གར་གྱི་བརྙན་འཕྲིན་གླུ་གཞས་ཀྱི་བརྒྱུད་ལམ་ཆེ་ཤོས་(9X Media)ཡི་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་བཙུགས་ཡོད་པ་དང་། གཞུང་འཛིན་ཚོགས་པའི་ཁ་གཏད་ཀོང་རི་སི་ཡིས་བློན་ཆེན་ཟུར་པ་ཁོང་ལ་མ་ཉེས་ཁག་གཡོག་ཡིན་སྐོར་བརྗོད་དེ་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ཁ་སང་རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་སྐུ་ཞབས་པི་ཆི་ཌམ་བྷ་རམ་ལགས་སུ། སི་པན་དང་དབྱིན་ཡུལ། དེ་བཞིན། མ་ལི་ཞི་ཡ་བཅས་སུ་ཁོང་ལ་ས་ཁང་ཡོད་པ་དེ་དག་ག་འདྲ་བྱས་ནས་ཉོས་པ་དང་། མ་དངུལ་གྱི་འབྱུང་ཁུངས་གང་ཡིན་པ། སི་པན་ནང་ཊེ་ནི་སིའི་(Tennis Club)ཚོགས་པ་འཛུགས་བྱེད་མ་དངུལ་གྱི་ཡོང་ཁུངས། དེ་བཞིན། ཁོང་དང་ཁོང་གི་བུ་གཉིས་ལ་ཁྱོན་ཟུར་བཙུགས་ཚོང་ལས་ཁང་ག་ཚོད་ཅིག་ཡོད་པ་སོགས་དྲི་བ་ ༢༠ དྲིས་ཡོད་ཀྱང་། སྐུ་ཞབས་པི་ཆི་ཌམ་བྷ་རམ་ལགས་ཀྱིས་གནད་དོན་གཅིག་ཀྱང་ཁྲིམས་འགལ་ཆགས་མེད་པའི་ལན་འདེབས་བྱས་ཏེ། ལྐོག་རྔན་བླངས་བའི་ཉེས་འཛུགས་ཁས་ལེན་བྱས་མེད་འདུག

རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས། ཕྱི་ལོ་ ༢༠༠༧ ལོར་བློན་ཆེན་ཟུར་པ་པི་ཆི་ཌམ་བྷ་རམ་ལགས་ཀྱིས་དཔལ་འབྱོར་བློན་ཆེན་གྱི་ཕྱག་ལས་གནང་སྐབས། བརྒྱུད་ལམ་ཚོང་གཉེར་ཁང་INX Media དང་། INX News གཉིས་ཀྱིས་མཉམ་འབྲེལ་ཐོག་ཨ་སྒོར་ས་ཡ་བཅུ་ལྷག་གིས་མ་འཛུགས་བྱས་ཏེ། རྒྱ་གར་གྱི་གླུ་གཞས་དང་གསར་འགྱུར་གྱི་བརྙན་འཕྲིན་བརྒྱུད་ལམ་ཆེ་ཤོས་་(9X Media)འཛུགས་པར་ཆོག་མཆན་སྤྲད་དེ། དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་བླངས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས། ད་ལྟའི་ཆར་ཁོང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། ནག་ཉེས་ར་འཕྲོད་བྱུང་ཚེ་རྒྱ་གར་གྱི་བཙོན་ཁང་ཆེ་ཤོས་ཊི་ཧར་(Tihar)ནང་འཇུག་སྲིད་སྐོར་སོགས་བརྗོད་འདུག་ལ། ཊི་ཧར་བཙོན་ཁང་གི་ལས་བྱེད་རྒན་པ་ཞིག་གིས། གཞུང་འཛིན་སྲིད་དོན་ཚོགས་པས་སྐུ་ཞབས་ཆིས་ཌམ་བྷ་རམ་ལགས་ཊི་ཧར་ནང་འཇུག་པར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཀོང་རི་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་རཱ་ཧུལ་གྷན་དྷི་ལགས་ཀྱིས། མུ་དྷི་གཞུང་གིས་རྒྱ་གར་དབུས་གསང་བའི་ལས་ཁུངས་དང་། དཔལ་འབྱོར་ཁྲིམས་དོན་ལྟ་ཞིབ་ཁང་(Enforcement Directorate)། དེ་བཞིན། སྒལ་ཚིགས་མེད་པའི་བརྒྱུད་ལམ་ཁག་ཅིག་བེད་སྤྱད་དེ། སྐུ་ཞབས་པི་ཆིས་ཌམ་བྷ་རམ་ལགས་རྨང་ནས་ཕམ་པར་རྒྱག་ཐབས་བྱེད་བཞིན་ཡོད་པར་བརྟེན། ངས་མུ་དྷི་གཞུང་ནས་ཆབ་སྲིད་ཀྱི་དབང་ཆ་ལོག་སྤྱོད་བྱེད་བཞིན་པར་ངོ་རྒོལ་བྱེད་བཞིན་ཡོད། ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། བྷི་ཇི་པི་སྲིད་དོན་ཚོགས་པའི་འཐུས་མི་དང་། གཏེར་ཁ་དང་སོལ་བ། གྲོས་ཚོགས་བདེ་དོན་བཅས་ཀྱི་བློན་ཆེན་པི་རལ་ཧཱ་ཌི་ཇོ་ཤི་(Pralhad Joshi)ལགས་ཀྱིས། གལ་སྲིད་པི་ཆི་ཌམ་བྷ་རམ་གྱིས་ནོར་འཁྲུལ་བཟོས་མེད་ཚེ་ཀོང་རི་སི་ཚོགས་པས་སེམས་ཁྲལ་བྱེད་དགོས་དོན་མེད། ཡོད་ཚད་ཁྲིམས་ཀྱིས་ཐག་བཅད་ཡོང་གི་རེད། ཅེས་བརྗོད་འདུག

ཁ་སང་པི་ཆི་ཌམ་བྷ་རམ་ལགས་ཀྱི་ཁྲིམས་རྩོད་པས། གཏའ་དངུལ་སྤྲད་དེ་ཁོང་བཀག་ཉར་འོག་ནས་ཀློད་དགོས་སྐོར་བརྗོད་ཡོད་ཀྱང་ཁྲིམས་ཁང་གིས་ངོས་ལེན་བྱས་མེད་པ་དང་། ཁོང་གིས་ཁྲིམས་ཁང་དུ་བྷི་ཇི་པི་གཞུང་གིས་སྐུ་ཞབས་པི་ཆིས་ཌམ་བྷ་རམ་དང་ཁོང་གི་བུ་གཉིས་ལ་ཆབ་སྲིད་ཀྱི་གཉའ་གནོན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུགསྐུ་ཞབས་པི་ཆི་ཌམ་བྷ་རམ་ལགས་ནི་ཕྱི་ལོ་ ༡༩༤༥ ལོར་རྒྱ་གར་མངའ་སྡེ་ཏ་མན་ན་ཌུ་ནང་སྐྱེས་ཤིང་། ད་ལྟ་ཀོང་རི་སི་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༡༩༩༦ ནས་ ༢༠༡༤ བར་དཔལ་འབྱོར་བློན་ཆེན་ཐེངས་ ༤ གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༢ བར་ནང་སྲིད་བློན་ཆེན་གྱི་ཕྱག་ལས་གནང་ཡོད་འདུག ཁོང་དང་ཁོང་གི་བུ་ཁར་ཊི་ཆི་ཌམ་བྷ་རམ་( Karti Chidambaram)ཀོང་རི་སི་ཚོགས་པའི་གྲོས་ཚོགས་འཐུས་མི་ཡིན་པ་དང་། ཕ་བུ་གཉིས་ལ་གནད་དོན་དེ་དང་འབྲེལ་ནས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་ཁོང་གི་བུ་འཛིན་བཟུང་བྱས་ཏེ་ཡུན་རིང་འདྲི་རྩད་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༢༣

Leave a Reply

One thought on “རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་ལ་ཁྲིམས་བཤེར།

  1. འདི་གནད་དོན་ནི། ད་ལན་ཀཤ་མིར་གཉེན་ཕྲང་གནས་སྟངས་དེ་མགོ་མི་འཁོར་བའི་དོན་ BJP ཚོགས་པས་ཆབ་སྲིད་ཀྱི་གར་ཆེན་པོ་ཞིག་འཁྲབ་པ་རེད་ཟེར་འདུག་ དེ་འངྲ་བོ་འངུག ཀ་ཤ་མིར་དཀའ་རྙོགས་ལས་གཡོལ་ཐབས་བྱས་མི་མང་ཡོངས་་་ཁོང་གི་གནས་དོན་ལ་མགོ་ཐུམ་ཡག་བཟོ་རེད་ཟེར་། གསར་འགྱུར་བ་ཚོས་ཀྱངལག་ལེན་ཇི་མ་ཇི་བཞིན་བྱས་བཞིན་རེད་ཟེར།