༧གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་མཆོག་ནས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་ཨ་རན་ཇེ་ཏི་ལི་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

མདང་དགོང་མཚན་གུང་ཆུ་ཚོད་ ༡༢ ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཡོངས་ཆེས་མཐོའི་སྨན་ཁང་(AIIMS)དུ། དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ཨ་རན་ཇེ་ཊི་ལི་(Arun Jaitley)མཆོག་ཡུན་རིང་ནད་ཀྱིས་མནར་ཏེ་དགུང་གྲངས་ ༦༦ སྟེང་སྐུ་གྲོངས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དམ་པ་ཁོང་གི་སྐུ་ལྕམ་སན་ཇེ་ཊ་ཨ་རན་(Mrs. Sangeeta Jaitley)ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག

དེ་ཡང་གསུང་འཕྲིན་ནང་༧གོང་ས་མཆོག་གིས་ལྕམ་སན་ཇེ་ཊ་ཨ་རན་ལགས་སུ།   སྐུ་ཞབས་ཇི་ཊི་ལི་མཆོག་ནི་ཁྱད་དུ་འཕགས་པའི་སྤྱི་མང་སྲི་ཞུ་བ་དང་ཁྲིམས་བཟོ་བ་ཞིག་རེད། ཁོང་གིས་རང་ཉིད་རྒྱ་གར་མི་མང་ལ་ཞབས་འདེགས་ཆེད་བློས་བཏང་གནང་ཡོད། དེར་བརྟེན། ངོས་ནས་ཁོང་གི་སྤྱི་མང་ཞབས་འདེགས་ཞུས་པར་བསྔགས་བརྗོད་ཞུ་ཡི་ཡོད། སྐྱོ་གདུང་དང་དཀའ་སྡུག་གི་དུས་ཚོད་འདིར། ཁྱེད་དང་ཁྱེད་ཀྱི་ནང་མི་ཚོར་ངོས་ནས་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག

དེ་རིང་སྔ་དྲོར་ལྡི་ལི་རུ་བློན་ཆེན་ཟུར་པ་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་ཡོད་པ་དང་། སྐུ་ཕུང་བཞུགས་འབུལ་སྐབས་སྲིད་བློན་མུ་དྷི་མཆོག་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུར་ཕེབས་ནས་མཉམ་ཞུགས་གནང་ཐུབ་མེད་ཀྱང་། སྐུ་སྒེར་གྱི་ཊི་ཝེ་ཊིར་སྟེང་། སྐུ་ཞབས་ཨ་རན་ཇེ་ཊི་ལི་མཆོག་སྐུ་གྲོངས་པ་ནི་ངས་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱུས་མངའ་ཡོད་པའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་བརླགས་སོང་། ཞེས་གསུངས་འདུག

སྐུ་ཞབས་ཇེ་ཊི་ལི་མཆོག་ནི་བྷི་ཇི་པི་སྲིད་དོན་ཚོགས་པའི་གྲོས་འདོན་པ་གཙོ་གྲས་ཤིག་ཡིན་པ་དང་། དམ་པ་ཁོང་དཔལ་འབྱོར་བློན་ཆེན་ཡིན་སྐབས། མཚན་གཅིག་ལ་ཧིན་སྒོར་གསར་བརྗེ་དང་རྒྱ་གར་ནང་(GST)དཔྱ་ཁྲལ་སོགས་གཙོ་བྱས་པའི་མུ་དྷིའི་སྐབས་དང་པོའི་གཞུང་འཛིན་ཁྲོད་བྱས་རྗེས་ཆེན་པོ་བཞག་ཡོད་འདུག

སྐུ་ཞབས་ཇེ་ཊི་ལི་གཆོག་ནི་ཕྱི་ལོ་ ༡༩༥༢ ཟླ་ ༡༢ ཚེས་ ༢༨  ཉིན་ལྡི་ལི་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༣ ལོར་དཔལ་འབྱོར་རིག་པའི་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༡༩༧༧ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་ཐོག་སློབ་མཐར་ཕྱིན། ཕྱི་ལོ་  ༢༠༡༤ ནས་ ༢༠༡༩ བར་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་གནང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༢༦

Leave a Reply