རྩོམ་པ་པོ་ཡཱང་ལ་གསང་ཉུལ་བྱས་པའི་ནག་ཉེས་གཡོཊ་འདུག

ཨོ་སི་ཊོ་ལི་ཡའི་མི་སེར་རྒྱ་རིགས་རྩོམ་པ་པོ་ཡཱ་ཧིན་ཅིན་ལགས་ཀྱིས་རྒྱ་ནག་ནང་གསང་ཉུལ་གྱི་བྱ་བ་བསྒྲུབས་པ་དང་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ཉེས་མིང་འོག་དངོས་སུ་འཛིན་བཟུང་བྱས་ཡོད་འདུགཁ་སང་ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་སི་ཊོ་ལི་ཡའི་མི་སེར་དང་རྒྱ་རིགས་རྩོམ་པ་པོ་ཡཱང་ཧིན་ཅིན་(Yang Hengjun)ལགས་ནས་སོ་ཉུལ་དང་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ནག་ཉེས་འོག་དངོས་སུ་འཛིན་བཟུང་བྱས་ཡོད་འདུག་ལ། ཨོ་སི་ཊོ་ལི་ཡ་གཞུང་ནས་མི་སེར་གང་བྱུང་འཛིན་བཟུང་བྱས་པ་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

རྩོམ་པ་པོ་ཡཱང་ལགས་ཀྱི་ཁྲིམས་རྩོད་པ་རོབ་སི་ཊ་རི(Rob Stary)ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྩོམ་པ་པོ་ཁོང་གི་ཉེས་དོན་ཁ་མཆུ་དེ་གསང་ཉུལ་བའི་ལས་ཀ་བྱས་ཡོད་པའི་ཉེན་འཛུགས་ཙམ་ལས། ཁོང་ཨོ་སོ་ཊོ་ལི་ཡའི་གསང་ཉུལ་བ་ཡིན་མིན། གསང་ཉུལ་གྱི་བྱ་བ་ག་རེ་བྱས་མིན་དཔེར་ན་ཁོང་གིས་རྒྱ་ནག་དང་འབྲེལ་བའི་རྩོམ་བྲིས་པ་དང་། ཟིན་བྲིས་གཉེར་བ། དམངས་གཙོའི་ལས་འགུལ་སྤེལ་བ་སོགས་གང་ཞིག་ཡིན་གསལ་ཁ་གང་ཡང་མེད་སྐོར་བརྗོད་འདུག

དེ་རིང་སྔ་དྲོར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་མཱ་རི་སི་པེན་(Marise Payne)ལགས་ཀྱིས། ཨོ་སི་ཊོ་ལི་ཡ་གཞུང་གིས་ཡུལ་དེའི་མི་སེར་དང་ཤེས་ཡོན་པ་ཞིག་ཉེས་མེད་ངང་དུས་ཡུན་རིང་བོར་བཀག་སྐྱིལ་དང་། མུ་མཐུད་དངོས་སུ་འཛིན་བཟུང་བྱས་པ་ཡོངས་བསྒྲགས་བྱས་པར་བློ་ཕམ་དང་སེམས་འཁྲལ་ཆེན་པོ་བྱེད་བཞིན་ཡོད་ལ། ཨོ་སི་ཊོ་ལི་ཡ་གཞུང་གིས་ཁོང་གི་གནས་ཚུལ་སྐོར་ལ་མུ་མཐུད་རྒྱུས་ལོན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གི་དམ་དྲག་འོག་གནས་སྟངས་ཁག་པོ་ཆགས་ཡོད་སྐོར་བརྗོད་པ་དང་། རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་མི་སེར་ལ་ཉེས་བ་གང་ཡོད་སོགས་གསལ་ཁ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུགཡང་ཕྱི་སྲིད་བློན་ཆེན་ལགས་ཀྱིས། གནས་སྟངས་དཀའ་ལས་ཁག་པོ་འདིའི་ཁྲོད་རྩོམ་པ་པོ་ཁོང་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། རྩོམ་པ་པོ་ཡཱང་ལགས་རྒྱ་ནག་གཞུང་གིས་གནས་སྟངས་ཧ་ཅང་སྐྱོ་བོའི་འོག་འདས་པའི་ཟླ་ངོ་ ༧ ལྷག་རིང་གང་འདོད་བཀག་ཉར་བྱས་པ་དང་། དུས་ཡུན་དེའི་རིང་རྩོམ་པ་པོ་ཁོང་གི་ནང་མི་དང་ཁྲིམས་རྩོད་པ་སོགས་ལ་གཏན་ནས་ཐུག་ཏུ་བཅུག་མེད་པ་དང་། ཁོང་འཛིན་བཟུང་བྱེད་དོན་ཆབ་སྲིད་ཀྱི་གནད་དོན་ཙམ་ཡིན་ན་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བསྐྱར་དུ་གནང་གི་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཨོ་སི་ཊོ་ལི་ཡ་གཞུང་ལ་ཡཱང་གི་ཉེས་དོན་རྒྱ་ནག་གི་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་ཁོང་གི་གནས་སྟངས་ཐད་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཡོད་པས། ཁོའི་བདེ་འཇགས་ཐད་སེམས་འཚབ་གང་ཡང་མི་དགོས་སྐོར་སོགས་བརྗོད་ཡོད་པ་དང་།  ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཡཱང་གི་ཉེས་དོན་ཁྲིམས་བཤེར་དེ་ཕྱི་གསལ་ནང་གསལ་མེད་པ་དང་། འཛིན་བཟུང་བཀག་སྐྱིལ་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་འཆར་ཡོད་པའི་དོགས་སློང་བྱེད་ཀྱི་འདུག

རྩོམ་པ་པོ་ཁོང་འཛིན་བཟུང་བྱས་རྗེས་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་ལ་ཁོང་ཀློད་གྲོལ་དགོས་པའི་རེ་སྐུལ་དང་སྐྱོན་བརྗོད་མང་པོ་བྱས་ཡོད་པ་མ་ཟད། ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སམ་མིར་ལོ་ཕུད་རྫི་(Summer Lopez)ལགས་ཀྱིས། གལ་སྲིད་སྐུ་ཞབས་ཡཱང་ལགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མེད་ཚེ་ཁོང་འཛིན་བཟུང་བྱེད་དགོས་དོན་མེད་པས། རྩོམ་པ་པོ་ཡཱང་ལགས་འཛིན་བཟུང་བྱས་པ་དེས། རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་མི་སེར་ལའང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་བཞིན་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་རྒྱ་ནག་ཉེན་རྟོག་པས་ཡཱང་ལགས་ཀྱིས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱས་ཏེ་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོའི་བཟའ་ཟླ་དང་བུ་མོ་གཉིས་རྒྱ་ནག་ནས་ཕྱིར་ཨོ་སི་ཊོ་ལི་ཡར་འགྲོ་བར་བཀག་འགོག་བྱས་ཡོད་འདུག ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་གཞུང་ལ་ཡཱང་ཧིན་ཅིན་ལ་ཉེས་སྐྱོན་ག་རེ་ཡོད་པ་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་གཞུང་ནས་ད་བར་ཡཱང་གིས་རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་སྐོར་བརྗོད་པ་ཙམ་གང་ཡང་མ་བརྗོད་པར་ཟླ་བདུན་ལྷག་རིང་བཀག་ཉར་འོག་བཞག་རྗེས། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གཞུང་ནས་ཡཱང་ཧིན་ཅིན་ལགས་ཀྱིས་གསང་ཉུལ་གྱི་བྱ་བ་བསྒྲུབས་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༢༧

Leave a Reply