༧གོང་ས་མཆོག་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཞུ་མཚམས་འཇོག་དགོས་སྐོར་བཤད།

རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་ཅིག་ལ་སྐོར་སྐྱོད་ཀྱི་གོ་སྐབས་སྤྲད་དེ་བོད་དང་བོད་མིའི་རིག་གཞུང་ནི་རྒྱའི་རིག་གཞུང་ཆེན་པོའི་ཆ་ཤས་ཡིན་སྐོར་སོགས་ཀྱི་འཁྱོག་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་འདུག

དེ་རིང་རྒྱ་གར་གྱི་(United News of India) གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ནས་མགོ་བཙུགས་ཏེ་བདུན་ཕྲག་གཅིག་ལྷག་རིང་། རྒྱ་ནག་གཞུང་གི་སྣེ་ལེན་འོག་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་ཅིག་གིས་རྒྱ་ནག་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། སྐོར་སྐྱོད་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་བོད་དང་བོད་མིའི་རིག་གནས་ནི་རྒྱའི་རིག་གནས་ཆེན་པོའི་ཆ་ཤས་ཤིག་ཡིན་ལ། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་མཚམས་འཇོག་དགོས་སྐོར་སོགས་བརྗོད་ཡོད་འདུག

བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་(La Xian Jia) ཟེར་བ་ཞིག་གིས། རྒྱ་ནག་གིས་བོད་མི་དང་ཆོས་ལུགས་ཐོག་འཛིན་པའི་སྲིད་བྱུས་དང་རིག་གནས་གཉིས་ཀ་དྲང་བདེན་ཡིན་པ་དང་། དོན་དངོས་ཐོག་བོད་མིའི་རིག་གཞུང་གོམས་སྲོལ་རྣམས་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་ནས་ཡོད། ཅེས་བརྗོད་འདུག་པ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཆོས་ལུགས་ཀྱི་མགོ་ཁྲིད་ཏཱ་ལའི་བླ་མས་རང་བཙན་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས། ཅེས་དང་། ནུབ་གླིང་གི་གསར་ཁང་དག་གིས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་ལ་ཁ་གཏད་ཀྱིས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་བ་དེ་དག་ནི་གཞི་རྩ་མེད་པ་ཞིག་ཡིན་པ་དང་། ལྷ་སར་གནས་སྡོད་ཁོ་རང་གི་ནང་མི་ཚོས་འཇིགས་སྣང་མེད་པའི་སྒོ་ནས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཡང་ལ་ཧྲིན་ཅི་ཡ་ཟེར་བ་དེས། འདས་པའི་ནང་ཏཱ་ལའི་བླ་མས་བོད་རང་བཙན་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་པ་དངོས་བདེན་ཡིན་ཡང་། ངའི་ངོས་ནས་ཁོས་རང་བཙན་གྱི་ལས་འགུལ་དེ་དག་མཚམས་འཇོག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོ་རང་རྒྱ་གར་ལ་ཐོན་རྗེས་བོད་འདི་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། ཅེས་བརྗོད་འདུག

དེ་བཞིན་རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་གི་བོད་ཀྱི་དེང་རབས་རིག་གནས་ཁང་གི་མགོ་འཁྲིད་སི་ཤའོ་ཅེ་  (C Xiao Jie) ཟེར་བ་ཞིག་གིས་ཀྱང་རྒྱ་གར་གྱི་གསར་འགོད་པར། བོད་དོན་ཐད་རྒྱ་ནག་དང་རྒྱ་གར་བར་ལ་ཁྱད་པར་ཡོད་ལ། ཏཱ་ལའི་བླ་མས་ད་བར་ཁོ་རང་རྒྱ་ནག་གི་མི་མིན་ཞེས་བརྗོད་མྱོང་མེད་པས། ངའི་རེ་བ་ལ་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་ཆེད་དུ་བོད་དང་རྒྱ་ནག་ནང་ལོགས་སུ་སྐོར་སྐྱོད་བྱེད་དུ་བཅུག་སྟེ། གཞུང་འབྲེལ་གྱི་མི་སྣས་གོ་སྐབས་བཟུང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འཁྱོག་བརྗོད་དང་ཆབ་སྲིད་དྲིལ་བསྒྲགས། དེ་བཞིན་༧གོང་ས་མཆོག་གི་དབུས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་འགོག་ཐབས་ཀྱི་ངན་སྐུལ་བྱེད་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་ཅིག་གཙང་གཞིས་ཀ་རྩེ་སོགས་སུ་ཁྲིད་དེ། བོད་མིའི་འཚོ་བ་སྔར་ལས་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད་སྐོར་དང་། ས་གནས་བོད་མི་མང་པོ་ཞིག་གིས་མི་རིགས་མཉམ་སྡེབ་ཀྱི་གཉེན་སྒྲིག་ལ་དགའ་བསུ་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་བྱ་འགུལ་སྤེལ་ཡོད་པ་རེད།

ད་ལྟའི་ཆར་ཐེངས་འདིའི་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་དེ་བོད་ནང་གཏོང་འཆར་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། དེ་རིང་རྒྱ་ནག་གི་ལྷོ་རྒྱུད་ཀང་ཞི་ཀྲང་རིགས་རང་སྐྱོང་ལྗོངས་ (Guangxi Zhuang Autonomous region)ཁུལ་གྱི་ནན་ནིང་(Nanning) གྲོང་ཁྱེར་དུ་སྐོར་སྐྱོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༢༨

Leave a Reply

2 thoughts on “༧གོང་ས་མཆོག་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཞུ་མཚམས་འཇོག་དགོས་སྐོར་བཤད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་རོ་ཁ་ཙུམ་དུས་རབས་ཉི་ཤུའི་ནང་འཛམ་གླིང་གི་ལུང་པ་ཚང་
    མའི་ནང་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་དང་བསྡུར་ན་
    བོད་ནང་གིས་བོད་མིའི་འཚོ་བའི་གནས་སྟངས་དེ་ད་དུང་བརྒྱ་
    ཆ་༥༠ གི་སྐྱོ་བ་ཡོད་པ་དང་གོང་ས་མཆོག་ལ་གུས་བཀུར་དང་ཆེ་
    བསྟོད་རྒྱབ་སྐྱོར་གནང་མཁན་རྒྱ་གར་ཙམ་མ་ཡིན་པ་འཛམ་གླིང་
    གིས་ལུང་པ་མང་པོའི་གོང་ས་མཆོག་ལ་རྒྱབ་སྐྱོར་དང་ཆེ་བསྟོད་
    གུས་བརྩི་ཆེ་མཐོང་སོགས་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་
    བཞིན་པ་ནི་ཁོང་གིས་བྱམས་བརྩེ་དང་འཚེ་བ་མེད་པ་ཆོས་ལུགས་
    མཆམས་མཐུན་འཁོར་ཡུག་སྲུངས་སྐྱོབས་ཀུན་ཁྱབ་འགན་འཁུར་
    སོགས་ལ་བརྟེན་ནས་བྱུང་བ་ལ་རྒྱ་ནག་མིག་ཚ་དགོས་དོན་མེད་པ་
    བཅས་དངོས་ཡོད་གནས་སྟངས་ལ་འགན་ཁྱེར་ནས་བཤད་དགོས་པ་
    ལས་བོད་ཀྱིས་རིག་གཞུང་རྒྱ་ནག་གི་ཆ་ཤས་ཡིན་མིན་ལོང་བས་བལྟས་
    ཀྱང་ཁམས་གསུམ་གྱིས་དཔེ་ལྟར་བོད་ཀྱིས་སྐད་ཡིག་དང་རྒྱ་ནག་གིས་
    སྐད་ཡིག་གིས་ཐོག་ནས་གསལ་པོ་ཤེས་ཐུབ་པ་བཅས་རེ་ཞིག་འདི་རུ་
    འཇུག་བསྡུས་པའོ།

  2. རྒྱ་ནག་གི་གཡོ་འོག་ཏུ་ལས་སླ་པོ་ཚུད་འགྲོ་མཁན་(ལ་ཧྲིན་ཅི་ཡ་)ལགས།
    བདེན་རྫུན་དབྱེ་འབྱེད་མི་ཤེས་མཁན་གྱི་(ལ་ཧྲིན་ཅི་ཡ་)ལགས།
    དྲང་བདེན་གྱི་ལམ་བུ་ཞིག་མི་འཚོལ་བ་གང་ཡིན་ནམ།
    ནང་བསྟེན་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པར་སྙིང་རེ་རྗེ།།