ཧོང་ཀོང་གི་ལས་འགུལ་སྣེ་འཁྲིད་པ་གསུམ་འཛིན་བཟུང་བྱས།  

ཧོང་ཀོང་ཉེན་རྟོག་པས་དམངས་གཙོའི་ལས་འགུལ་སྣེ་འཁྲིད་པ་ན་གཞོན་ཕོ་མོ་གསུམ་ལ་སྤྱི་ཚོགས་ནང་ཟིང་འཁྲུག་བསླངས་བ་སོགས་ཀྱི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཧོང་ཀོང་གི་སྔ་དྲོའི་ཆུ་ཚོད་ ༧།༣༠ ཙམ་གྱི་སྟེང་ཧོང་ཀོང་ཉེན་རྟོག་ཁང་གིས། ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་བོང་ (Joshua Wong)ལགས་དང་དམངས་གཙོའི་ལས་འགུལ་བ་ཨག་ནེ་སི་ཆའོ་(Agnes Chow)ལགས་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཁ་སང་ཧོང་ཀོང་རང་བཙན་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨན་ཌི་ཆན་(Andy Chan)ལགས་མཁའ་ལམ་བརྒྱུད་ཉི་ཧོང་དུ་འགྲོ་རྩིས་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག་ལ། ན་གཞོན་ལས་འགུལ་བ་གསུམ་གྱི་རྒྱབ་སྐྱོར་བ་ཚོས་ཁྲིམས་རྩོད་པ་ཐབས་འཚོལ་གྱིས་འཕྲལ་དུ་ཀློད་གྲོལ་ཡོང་བའི་རེ་བ་བྱེད་བཞིན་ཡོད་འདུག

ཧོང་ཀོང་ཉེན་རྟོག་ཁང་གིས། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་ཇོ་ཧྲ་བོང་གིས། དབུས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ། ཆོག་མཆན་མེད་པར་ཁྲིམས་འགལ་ཐོག་འདུ་འཛོམས་གོ་སྒྲིག་དང་། ལས་འགུལ་ཁྲོད་མཉམ་ཞུགས་བྱས་ཏེ་ཟིང་འཁྲུག་བསླངས་བའི་ནག་ཉེས་ཡོད་པས་འཛིན་བཟུང་བྱས་པ་ཡིན། ཞེས་བརྗོད་ཡོད་པ་དང་། དམངས་གཙོའི་ལས་འགུལ་བ་ཨག་ནེ་སི་ཆའོ་ལགས་ལའང་ཉེས་མིང་གཅིག་མཚུངས་གཡོགས་ཡོད་འདུག དེ་བཞིན་ཧོང་ཀོང་རང་བཙན་ལས་འགུལ་བ་དང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨན་ཌི་ཆན་ལགས་ནས་ཉེས་ཅན་རྩ་འཛུགས་ཀྱིས་སྤྱི་ཚོགས་ཟིང་འཁྲུག་བསླངས་བ་དང་། ཉེན་རྟོག་པར་རྒོལ་རྡུང་བཏང་བ་སོགས་ཀྱི་ནག་ཉེས་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་གཞོན་སྐྱེས་སྟོང་ཕྲག་མང་པོ། ཧོང་ཀོང་དབུས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་འཛོམས་ཏེ།  དོགས་ཡོད་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་གཏན་དུ་རྩིས་མེད་གཏོང་དགོས་པ་དང་། ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལམ་གྱིས་ལས་གནས་ནས་རྩ་དགོངས་ཞུ་དགོས་པ།  ཉེན་རྟོག་པས་གང་འདོད་འཛིན་བཟུང་བྱས་པའི་ཉེས་མེད་ལས་འགུལ་བ་ཚང་མ་ཀློད་དགོས་པ་སོགས་ཀྱི་སྐད་འབོད་བརྒྱབས་ཡོད་པ་མ་ཟད།  ཉེན་རྟོག་པར་སྡིགས་དམོད་བྱས་པ་དང་སྒོ་ང་སོགས་ཀྱིས་གཞུས་ཡོད་པ་རེད།

ཟླ་འདིའི་ཟླ་མགོ་ཙམ་ལ་ཧོང་ཀོང་རང་དབང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨན་ཌི་ཆན་ལགས་ལས་འགུལ་བ་གཞན་ ༨ དང་ལྷན་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོའི་ལག་ཏུ་མཚོན་ཆ་ཡོད་པའི་ཉེས་མིང་གཡོགས་ཡོད་ཀྱང་ཡུན་རིང་མ་འགོར་བར་ཀློད་ཡོད་འདུག

གསར་འགྱུར་ཐོན་རིམ་གཉིས་པ། དེ་རིང་ཧོང་ཀོང་གི་ཉིན་རྒྱབ་ཏུ། ཧོང་ཀོང་གི་ཤར་ཕྱོགས་ཁྲིམས་ཁང་ཟེར་བས་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་བོང་དང་ཨག་ནེ་སི་ཆའོ་གཉིས་གཏའ་དངུལ་ཧོང་ཀོང་ཌོ་ལར་ཁྲི་ ༡ གཏའ་དངུལ་འོག་ཀློད་གྲོལ་བཏང་ཡོད་པ་དང་། འབྱུང་འགྱུར་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བསྐྱར་དུ་ཁྲིམས་བཤེར་བྱེད་གཏན་འཁེལ་ཡོད་འདུག་ལ། དུས་ཡུན་འདིའི་རིང་། ཇོ་ཧྲ་བོང་དང་ཨག་ནེ་སི་ཆའོ་གཉིས་ཧོང་ཀོང་ནས་ཕྱིར་ཐོན་མི་ཆོག་པ་དང་། དགོངས་མོའི་ཆུ་ཚོད་ ༡༡ ནས་ཞོགས་པའི་ཆུ་ཚོད་ ༧ བར་ནང་ནས་འདུག་དགོས་པ་དང་། བདུན་ཕྲག་གཅིག་གི་ནང་ཉེན་རྟོག་ཁང་དུ་ཐེངས་གཉིས་རེའི་འབྱོར་ཐོ་འགོད་དགོས་པ། དེ་བཞིན། དེ་སྔོན་ལས་འགུལ་སྤེལ་ཡུལ་དབུས་ཉེན་རྟོག་ལས་ཁུངས་ཀྱི་ཁུལ་དུ་འགྲོ་མི་ཆོག་པ་སོགས་བཟོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༠༧

Leave a Reply

2 thoughts on “ཧོང་ཀོང་གི་ལས་འགུལ་སྣེ་འཁྲིད་པ་གསུམ་འཛིན་བཟུང་བྱས།  

  1. ཐུབ་བསྟན་བྱམས་པ།

    ༄༅། །ཧོང་ཀོང་མང་ཚོགས་ཀྱི་སྙིང་སྟོབ་དང་མ་བསྐུལ་དངས་ལེན་གྱི་དམངས་གཙོའི་ལས་འགུལ་འདི་ནི་དཔའ་ངར་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་དེང་འཛམ་གླིང་ནང་གྲགས་བཞིན་ཡོད། སྤྱིར་ན་རྒྱ་ནག་དམར་པོའི་གཞུ་དེ་སྟོབ་ཆེན་གྱི་རྒྱལ་ཁབ་ཞིག་ཡིན་ཡང་ནམ་ཞིག་འགྱུར་བ་འགྲོ་རྒྱུ་ཡིན་པ་ནི་འདོན་མི་ཟ། ང་ཚོ་བོད་མི་རྣམས་ནས་མའོང་པར་ང་ཚོའི་འཐབ་བརྩོད་བྱ་མཆོག་གི་སླབ་བྱ་ལེན་ས་དང་མིག་དཔེ་བལྟ་ས་ཞིག་མཐོང་བཞིན་འདུག ཕྱི་ལོ་ ༡༩༥༩ གོང་གི་བོད་བོད་མི་དང་ད་ལྟ་ཕྱི་ལོ ༢༠༠༠ ལོའི་ནང་གི་བོད་མི་རྣམས་ཀྱི་མཐོང་འཐོས་ཀྱི་སླབ་བྱ་དང་ཉམ་མྱོང་མང་དག་ཞིག་བསག་ཡོད་པས་ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་མཛད་དགོངས་དེ་མཐའ་འཁྱོལ་བྱ་རྒྱུ་དེར་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་འཐོན་ཐུབ་པ་བྱེད་རྒྱུ་དེ་ཤིན་དུ་ནས་གལ་ཆེར་མཐོང་བཞིན་འདུག ང་ཚོ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་མ་གནང་བར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་བྱས་པ་ཡིན་ཚེ་རྒྱ་དམར་ལ་དགོས་ཡས་ཀྱི་ལག་ཆ་གལ་ཆེ་ཞིག་ཆག་ཡོད། ད་ལྟ་བར་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་གྱིས་བོད་ཕྱ་ནང་ཚང་མར་ཕན་རླབས་ཤུགས་ཆེ་ཡོད། ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ནང་བོད་མི་མི་རེ་ངོ་རེས་ཤར་བསྐྱོད་ཀྱིས་མགྱོགས་མྱུར་དབུ་མའི་ལམ་དེ་འཐོབ་རྒྱུར་འབད་བརྩོན་བྱ་གལ།

  2. བཙན་པའི་བུ་རྒྱུད།

    དེང་རབས་ཤེས་ཡོན་གྱི་གཤོག་རྩལ་རྒྱས་པའི་ན་གཞོན་དེ་དག་ནི་ངོ་མའི་རྣམ་དཔྱོད་ཅན་གྱི་དཔའ་རྒོད་རེད། དམར་གཞུང་གི་ཚེ་རྫོགས་རན་འདུག་
    ཧོང་ཀོང་གི་གནད་དོན་འདི་དམར་གཞུང་གི་དྲག་དཀའ་བའི་སྐྲན་ནད་ཞིག་རེད།