མིག་གཡས་ལ་རྨ་དཀྲིས་བརྒྱབས་ཏེ་གདུང་སེམས་མཉམ་སྐྱེད་གནང་།

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་སོང་།དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ པའི་ཐོག བཞུགས་སྒར་དྷ་སའི་མེག་གྷན་བཞི་མདོ་རུ། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་སྤྱི་དང་། ཡང་སྒོས་བུད་མེད་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཏེ། ལས་འགུལ་བ་ཚང་མས་མིག་གཡས་པར་རྨ་དཀྲིས་བརྒྱབས་ནས་ཧོང་ཀོང་གི་མིག་གཡས་ལུང་པ་བཟོས་པའི་བུད་མེད་དེ་གཙོ་བོར་གྱུར་བའི་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། ང་ཚོའི་ངོས་ནས་ལས་འགུལ་འདི་འདྲ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། བོད་འདི་འདས་པའི་ལོ་ ༦༠ ནང་རྒྱ་ནག་གི་འོག་ལ་སྡུག་སྦྱོང་མྱངས་ཡོད་པ་ལྟར། ད་ལྟ་ཧོང་ཀོང་ནང་གི་མི་མང་རྣམས་ཀྱིས་བོད་ལྟར་རྒྱ་ནག་གི་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། རྒྱ་ནག་གིས་དབྱིན་གཞུང་ནས་ཧོང་ཀོང་རྩིས་ལེན་བྱེད་སྐབས། ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ནས་དམངས་གཙོ་དང་རང་དབང་བཅས་ལོངས་སྤྱོད་བྱེད་ཆོག་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། རྩིས་ལེན་བྱས་རྗེས་འདས་པའི་ལོ་ངོ་ ༢༢ ནང་འགྱུར་བ་ཤུགས་ཆེན་པོ་ཐེབས་ཏེ། ལོ་རེར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཐེ་བྱུས་དང་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ། ཉེ་ཆར་ཞིག་ནས་ཧོང་ཀོང་ནང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་པོ་སྤེལ་དང་སྤེལ་མུས་ཡིན་སྟབས། ང་ཚོའི་ངོས་ནས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། ཞེས་བརྗོད་སོང་།

དེ་རིང་གི་ལས་འགུལ་དང་འབྲེལ་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་རེས་ཧོང་ཀོང་ནང་གི་དོན་རྐྱེན་དེའི་ཁྲོད་མིག་ལ་མེ་མདའ་ཕོག་སྟེ་ལོང་བ་ཆགས་པའི་སྐྱེས་མ་དཔའ་སྟོབས་ཅན་དེ་གཙོ་བོར་གྱུར་བའི་ལས་འགུལ་དེའི་ཁྲོད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མི་དམངས་ཁྲི་ཚོ་མང་པོར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཐུན་མོང་ནས་དྷ་ས་མེག་གྷན་ཁྲོམ་གཞུང་དུ་མིག་གཡས་མར་རྨ་དཀྲིས་བརྒྱབས་ནས་ཞི་བའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་པ་ཡིན་པས། ང་ཚོའི་ལས་འགུལ་འདིས་ཧོང་ཀོང་མི་དམངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་དམར་པོའི་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད། ཅེས་བཀོད་འདུགཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད། ཁ་སང་ཕྱི་ཚེས་ ༣༠ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་ཆར་གདུགས་ནག་པོ་འཁུར་ཏེ་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་བཞིན་ཉེ་སྔོན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་བཅས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མིའི་ཚོགས་པ་དང་མི་སྒེར་སོགས་ནས་ཀྱང་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༣༡

Leave a Reply

One thought on “མིག་གཡས་ལ་རྨ་དཀྲིས་བརྒྱབས་ཏེ་གདུང་སེམས་མཉམ་སྐྱེད་གནང་།

  1. ཨ་མདོ་རྒྱམ་ཁོ།

    བོད་པ་བོད་པའི་མཉམ་དུ་ཡོད་ལ་མེད་ལ་རེད་འདུག་སྟེ། བོད་པ་ཧོང་ཀོང་མཉམ་དུ་ཡོད་ཟེར་ནས་དར་འཕྱར། དུང་འབོད་ཀི་ཡོད་གདའ།
    ནམ་རྒྱུན་མིག་ཡ་བཙུམ་བསྡད་པ་ལྟ་བུའི་མི་རེ་འགའ་དང་། ཚོགས་པ་རེ་འགས། ད་སང་རྨ་རས་རེས་མིག་ཡ་དངོས་སུ་འགེབ་ཡོང་དུས་ལེན་པོ་འདྲ་རེད། ཧཧཧ