བོད་ཀྱི་རིག་གཞུང་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་དེ་ངོས་རང་རྒྱལ་བ་རིན་པོ་ཆེ་ཡིན་པའི་སྐད་ཆ་ཙམ་མ་རེད།

༧གོང་ས་མཆོག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དགོས་པ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་བ་དང་འབྲེལ་ཁྱེད་རང་ཚོ་ངོས་ཀྱི་གྲོགས་པོའང་ཡིན་པས་གྲོགས་པོས་སེམས་ཁུར་བླངས་དུས་སེམས་ལ་འཇོག་རོགས་ཞེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧིན་རྡུ་ནི་ཤི་ཡ་དང་། ཀོ་རི་ཡ། མ་ལི་ཤི་ཡ། སེང་གྷ་པུར། ཐེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ ༨༥༠ ཙམ་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་མི་གྲངས་ ༥༨༠༠ ཙམ་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ལྷག་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་ཉིན་གྲངས་གསུམ་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་སྐབས་བྱམས་བརྩེ་གལ་ཆེན་ཡིན་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་པ་རེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་མང་པོ་ཡོད་པ་དང་དེ་ཚོར་ལྟ་གྲུབ་མི་འདྲ་བ་རེ་ཡོད་པ་རེད་དེ། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་དེ་བྱམས་པ་དང་བརྩེ་བ། བཟོད་པ་དང་ཆོག་ཤེས། རང་ཁྲིམས་རང་སྲུང་སོགས་བཤད་ཀྱི་ཡོད་པ་རེད། མི་ལ་སྐྱེས་པའི་ཉིན་མོ་ནས་བརྩེ་བ་ཧ་ཅང་གལ་ཆེན་རེད་འདུག རྫུས་སྐྱེས་ཚོ་གང་ཤེས་མ་གཏོགས་སྒོང་སྐྱེས་དང་མངལ་སྐྱེས་ཀྱི་གྲས་ལ་མ་དང་བུ་ཕྲུག་གི་བརྩེ་བ་ཚང་མར་འདུག དེ་བས་མིའང་མ་ལས་བཙས་སྟབས་མས་བསྐྱངས་ནས་གསོན་པ་རེད་ལ་ཡར་འཚར་ལོངས་བྱུང་གི་ཡོད་པ་རེད། དེ་བས་མིའི་རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་ནི་མི་འཚོ་བའི་རྩ་བར་ཐུག་ཡོད་པ་ལྟ་བུ་ཞིག་རེད་འདུག ཆོས་ལུགས་ཁག་དེ་ཚོ་མིའི་ཆོས་ལུགས་ཡིན་སྟབས། མིའི་རང་བཞིན་གྱིས་བརྩེ་བ་ཟེར་བར་དགའ་པོ་བྱེད་ཀྱི་ཡོད་པ་རེད། ཐོག་མར་མའི་བརྩེ་བས་ང་ཚོ་འཚོ་ཡོད་པ་དང་ང་ཚོའི་སྤྱི་ཚོགས་ནང་བརྩེ་བ་གལ་ཆེན་པོ་ཆགས་ཡོང་དུས། ཆོས་ལུགས་ཚང་མ་མིའི་སྤྱི་ཚོགས་ནང་ཆགས་པའི་ལྟ་གྲུབ་ཞིག་ཡིན་སྟབས། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་རེད། བྱམས་བརྩེ་དགོས་པའི་སྒྲུབ་བྱེད་ནང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོང་གི་ཡོད་པ་རེད། ལྟ་གྲུབ་མ་འདྲ་བ་དེ་ཚོའི་དམིགས་ཡུལ་བྱམས་བརྩེ་གོང་འཕེལ་གཏོང་བར་གཅིག་གྱུར་རེད་འདུག ཅེས་གསུངས་སོང་།མཛད་འཁུར་བཞི་དང་འབྲེལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱལ་དབང་ལྔ་པའི་སྐབས་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཆགས་པ་རེད། དེའི་དུས་ཚོད་ཡོལ་བ་རེད། དེ་བས་ངོས་ཀྱིས་ཆབ་སྲིད་ཀྱི་ལས་ཀ་བཞག་ཏེ་ཆོས་ཕྱོགས་ལས་འགན་འཁུར་གྱི་ཡོད་པ་རེད། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོས་ཀྱི་རྒྱ་གར་བའི་གྲོགས་པོ་ཁ་ཤས་ཀྱིས་བོད་ཀྱི་ས་ཆ་མཐོན་པོ་དང་སྐམ་པོ་ཡིན་སྟབས་ཁོར་ཡུག་ལ་སྐྱོན་ཆ་བྱུང་ཚེ་རང་བཞིན་གསོ་བར་དུས་ཚོད་འགོར་གྱི་ཡོད་པ་དང་། ས་ཆ་དམའ་ས་དང་གཞའ་ཚན་ཆེན་པོ་ཡོད་པའི་ས་ཆར་ཁོར་ཡུག་གི་གནས་བབ་གསོ་སླ་བོ་ཡོད་པ་ཟེར་གྱི་འདུག དེ་བས་བོད་ས་མཐོ་དང་རླུང་སྐམ་པོ་ཡིན་པས་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་པོ་ཡིན་པ་དེར་ངོས་ཀྱིས་དོ་སྣང་བྱེད་སྡོད་ཀྱི་ཡོད། ཅེས་གསུངས།ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པ་གལ་ཆེན་པོ་ཡིན་སྐོར་ལ་༧གོང་ས་མཆོག་གིས། ངོས་རང་ཆུང་དུས་བསྡུས་གྲྭ་བསླབ་རྒྱུ་དང་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་འཛིན་པའི་སྐབས་སུ་ངོས་ལ་དོ་སྣང་ཁྱོན་ནས་ཡོད་པ་མ་རེད། རིམ་པས་ལོ་ཡར་ལོན་པ་དང་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཐོག་ནས་དཀའ་ངལ་མང་པོ་ཞིག་ལ་འཕྲད་དུས། ནང་པའི་གཞུང་ལ་ཆུང་དུས་སྦྱངས་པ་དེ་དངོས་གནས་སེམས་ལ་དཀའ་ངལ་འཕྲད་པའི་སྐབས་སུ་གདོང་ལེན་བྱེད་པར་ཧ་ཅང་ཕན་ཐོགས་འདུག དེ་བས་བོད་ཀྱི་ཆོས་དང་རིག་གཞུང་དེ་བོད་མི་གཅིག་པོའི་སྐད་ཆ་ཙམ་མིན་པར། ཨེ་ཤ་ཡ་ཁྱོན་ཡོངས་ཙམ་ནང་པའི་ལུང་པ་ཆགས་ཡོད་པ་རེད། སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་གཏིང་ཟབ་པོ་ཞིག་འགྲེལ་བཤད་དང་དཔེ་ཀློག་བྱ་རྒྱུ་ཡོད་པ་དེ་ཕལ་ཆེར་བོད་ལ་ཡོད་པའི་ཆོས་དེ་རེད་འདུག དེ་བས་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་གི་སྤྱི་ནོར་ལྟ་བུ་ཞིག་ཆགས་ཡོད་སྟབས། བོད་ཀྱི་རིག་གཞུང་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་དེ་ངོས་རང་རྒྱལ་བ་རིན་པོ་ཆེ་ཡིན་པའི་སྐད་ཆ་ཙམ་མ་རེད། མི་ཞིག་ཡིན་པའི་ངོས་ནས་དེ་འཛམ་གླིང་སྤྱི་ལ་ཕན་ཐོགས་འདུག དེ་དང་ཆབས་གཅིག་ཏུ་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་ཞིབ་ཚགས་པོའི་ཐོག་འགྲོ་བའི་སྐབས། བོད་སྐད་དེ་ཡག་ཤོས་རེད་འདུག དབྱིན་སྐད་ནི་ཡོང་ཡ་མེད་པ་དང་རྒྱ་སྐད་ནང་གང་འཚམས་ཡོད་པ་རེད་དེ། ཚད་མ་རིག་པའི་སྐོར་དེ་ཚོ་རྒྱ་ཡིག་ནང་ཤུགས་ཆེན་པོ་མི་འདུག དེ་བས་བོད་ཀྱི་སྐད་ཡིག་དེ་སེམས་ཁམས་རིག་པ་དང་ཚད་མ་རིག་པ། དེ་བཞིན་སེམས་ཁམས་རིག་པ་ཕྲ་ཞིང་ཕྲ་བའི་སྐོར་ལ་བཤད་ཡོང་དུས་ཕལ་ཆེར་ཡག་ཤོས་དེ་རེད་འདུག་པས། བོད་སྐད་དང་བོད་ཡིག ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་བོད་པ་ཙམ་མིན་པར་ནང་པའི་ཡུལ་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། ད་དུང་རྒྱ་ཆེ་ས་ནས་བཤད་ན། འཛམ་གླིང་སྤྱི་ལ་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་རྒྱུད་ཞི་ཞིང་དུལ་བ་ཡོང་བར་ཏན་ཏན་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་འདུག ཁྱེད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། ངོས་ཀྱི་གྲོགས་པོ་རེད། དེ་བས་གྲོགས་པོས་དེ་འདྲའི་སེམས་ཁུར་བསླངས་དུས་ཁྱེད་རང་ཚོའང་ངོས་ཀྱི་གྲོགས་པོ་ཡིན་དུས་སེམས་ལ་འཇོག་རོགས་ཞེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༠༥

Leave a Reply