གྲྭ་བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཡས་མས་ཤིག་ནས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཡུན་རིང་གོ་ཐོས་མེད་པར་གྱུར་བའི་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་རྡོ་རྗེ་ལགས་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ལ་རྔ་བ་རྫོང་ནས་དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་དེ་སྔ་འཛིན་བཟུང་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་གནང་ཡོད་སྐོར་གྱི་ཉེས་འཛུག་བྱས་ཡོད་ཀྱང་། བཙོན་འཇུག་ཁྲིམས་ཐག་གཅོད་སྐབས་ཉེས་མིང་ག་རེ་གཡོགས་ཡོད་མེད་སོགས་གསལ་ཁ་མེད་འདུག

དགུང་ལོ་ ༣༦ ཡིན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཡས་མས་ཤིག་ལ་ཉེན་རྟོག་པས་མཚན་མོ་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག  ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་ ༢༠༠༨  ལོར་ཡང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག་ཀྱང་། ཐེངས་འདིར་ཁོང་ལ་བཙོན་འཇུག་ཁྲིམས་ཐག་གཅོད་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་མང་པོ་ནས་གང་བྱུང་བོད་མི་ཧ་ཅང་མང་པོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ན་ཡང་། བོད་མི་མང་པོ་ཞིག་གི་གནས་ཚུལ་ད་དུང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་སོགས་ཀྱིས་་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པར་གནང་ཡོད་པ་མ་ཟད། ཞིབ་འཇུག་ཚོགས་ཆུང་དངོས་སུ་བོད་ནང་འགྲོ་བར་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གནམ་གཤིས་སོགས་ལ་ཁ་གཡར་ཏེ་འགྲོ་རུ་འཇུག་གི་མེད་པ་རེད།

བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་འདྲི་རྩད་ཀྱི་གནས་ཚུལ་གསར་ཤོས་ཤིག་ནི། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྔ་ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་ཞིག་གིས། ཕྱི་ལོ་༢༠༡༦ ལོར་བོད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་མི་སྐྱ་བཅས་མི་ ༩ ལ་༧གོང་ས་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་རྒྱལ་ཚོགས་ལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡིག་ཅིག་གནང་ཡོད་ཀྱང་། ད་བར་དུ་རྒྱ་ནག་གཞུང་ཕྱོགས་ནས་དེ་ལ་བརྡ་ལན་སྤྲད་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༠༦

Leave a Reply

2 thoughts on “གྲྭ་བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ད་་བར་འདས་པའི་མི་ལོ་དྲུག་བཅུའི་རིང་ང་ཚོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་
    ཞུ་སྙན་ཇི་ཙམ་ཕུལ་ཡང་རྒྱ་མཚོ་ཆེན་པོའི་ནང་རྡོ་གཡུགས་པ་དང་གཅིག་པ་ལ་སོང་ད་ཆ་
    ང་ཚོའི་ངོས་ནས་དབུ་མའི་ལམ་ལ་འགན་འཁུར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་
    ཀྱིས་རྩ་ཁྲིམས་འོག་མི་རིགས་ས་གནས་རང་སྐྱོང་གིས་གནས་བབས་ཚད་ལྡན་རྩོད་བཞིན་པ་
    ལ་འགན་འཁུར་ནས་དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་
    ཁབ་ཀྱིས་འགོ་འཁྲིད་བར་མི་དང་མི་ཐུག་ནས་མི་མཐུན་པའི་ཆ་དེ་མཐུན་པ་བཟོ་དགོས་པའི་
    དུས་ལ་སླེབས་མི་འདུག་གམ།

  2. བཙན་པའི་བུ་རྒྱུད།

    མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་བཅོལ་ཡང་ཕན་ཐོག་གང་ཡང་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཆར་རྒྱ་ནག་གིས་སྣང་མེད་བྱེད་པ་ཡིན། རྒྱ་དམར་དེ་ལས་སླ་བོ་མེད།