གཞུང་ཚབ་གསར་པ་བསྐོས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་གནང་།

ཁ་ན་ཌའི་མེག་ཀིན་སེ་སྤྱི་གཉེར་ཁང་(Mckinsy&campany)གི་ཚོང་དོན་སློབ་སྟོན་པ་སྐུ་ཞབས་ཌོ་མི་ཎིག་བྷར་ཊོན་(Dominic Barton)་རྒྱ་ནག་ནང་གི་ཁ་ན་ཌའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་ཡོད་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཁ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་(Justin Trudeau) ལགས་ཀྱིས། རྒྱ་ནག་ནང་གི་ཁ་ན་ཌའི་གཞུང་ཚབ་གསར་པ་བསྐོ་བཞག་བྱུང་བ་གསལ་བསྒྲགས་གནང་བའི་ཕྱི་ཉིན་དེ་ཁ་སང་ཕྱི་ཚེས་ ༥ ཉིན། ཁོང་གིས་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་གྲུབ་ཐབས་སུ་ཉེས་མེད་བཙོན་འཇུག་བྱེད་ཀྱི་ཡོད་སྐོར་གྱི་སྐྱོན་བརྗོད་གནང་བ་དང་སྦྲགས། རྒྱ་ནག་གིས་ཁ་ན་ཌའི་མི་སེར་གཉིས་གསང་མྱུལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་དེར་ངོས་ལེན་བྱེད་ཐབས་མེད་སྐོར་གསངུས་འདུག

ཁ་སང་སྲིད་བློན་ཊུ་རུ་ཌོ་ལགས་ཀྱིས་ཁ་ན་ཌའི་ཊོ་རོན་ཊོར་ཡོད་པའི་སྐར་མ་གསར་ཁང་(The Star) གི་གསར་འགོད་པར། རྒྱ་ནག་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་ཁེ་ཕན་སྒྲུབ་ཆེད་ཉེས་མེད་བཙོན་འཇུག་བྱེད་རྒྱུའི་ཐབས་བྱུས་འཐེན་བཞིན་པའི་གནད་དོན་དེ་ཁ་ན་ཌ་ཙམ་དུ་མ་ཟད། འདི་ལྟ་བུའི་བྱ་སྤྱོད་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངོས་ལེན་ཞུ་ཐབས་མེད་པ་ཞིག་ཡིན་པར་ངོས་འཛིན་མཁན་གྱི་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཀྱང་བློ་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། གང་ཡིན་ཟེར་ན། ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་གིས་གནོན་ཤུགས་སྤྲོད་པའི་ཐབས་ལམ་སྤྱོད་བཞིན་པར་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ང་ཚོས་རྒྱ་ནག་དང་འབྲེལ་ལམ་ཇི་ལྟར་བྱེད་དགོས་མིན་བལྟ་དགོས་ཀྱང་། ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ལ། ང་ཚོ་ནུབ་གླིང་དང་མི་འདྲ་བར་རྒྱ་ནག་གིས་ཁྲིམས་སྒྲིག་རྦད་དེ་མི་གཅིག་པ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཅེས་དང་། དེ་སྔོན་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཁ་ན་ཌའི་མི་སེར་སྐོར་ལ་མུ་མཐུད་གླེང་སློང་ཤུགས་ཆེན་པོ་བྱ་རྒྱུ་ཡིན་ཡང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཉམས་རྒུད་དུ་འགྲོ་འཇུག་རྒྱུ་མིན་སྐོར་གསུངས་འདུགཐེངས་འདིར་སྲིད་བློན་ཊུ་རུ་ཌོ་ལགས་ནས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་གནང་པའི་སྔ་ཉིན་སྟེ། ཕྱི་ཚེས་ ༤ ཉིན་སྲིད་བློན་ཊུ་རུ་ཌོ་ལགས་ཀྱིས་མེག་ཀིན་སེ་སྤྱི་གཉེར་ཁང་(Mckinsy&campany)གི་འགན་འཛིན་ཟུར་པ་དང་ཚོང་དོན་སློབ་སྟོན་པ་ཌོ་མི་ཎིག་བྷར་ཊོན་(Dominic Barton)ཞེས་པ་ཞིག  རྒྱ་ནག་ཏུ་ཡོད་པའི་ཁ་ན་ཌའི་གཞུང་ཚབ་པར་བསྐོ་གཞག་གི་གསལ་བསྒྲགས་གནང་པ་དང་། སྐབས་དེར་ཊུ་རུ་ཌོ་ལགས་ཀྱིས་བྷར་ཊོན་གྱིས་ལོ་མང་རིང་ཨེ་ཤ་ཡའི་ནང་ཚོང་དོན་སོགས་གཉེར་བའི་ཉམས་མྱོང་གིས། ཁོང་གིས་རྒྱ་ནག་ནང་ཁ་ན་ཌའི་སྐུ་ཚབ་བྱས་ཏེ་ཁ་ན་ཌའི་ཁེ་ཕན་སྒྲུབ་ཐུབ་ཀྱི་རེད། ཅེས་དང་། ཁོང་ནི་ཡིད་ཆེས་ཆོག་པའི་མི་ཞིག་ཡིན་སྐོར་གསུངས་འདུག་པ་དང་། གསར་འགོད་གསལ་བསྒྲགས་སྟེང་བྷར་ཊོན་གྱིས་ཀྱང་ད་ལྟ་རྒྱལ་ཁབ་གཉིས་བར་ལྷག་བསྡད་པའི་དཀའ་རྙོག་རྣམས་སེལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག ཉིན་དེ་རང་ལ་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang) གིས་པེ་ཅིན་གཞུང་ནས་གཞུང་ཚབ་གསར་པར་དྭང་ལེན་བྱ་རྒྱུ་དང་། གཞུང་ཚབ་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་ལ་ལེགས་ཕྱོགས་ཀྱི་ནུས་པ་སྤུང་ཐུབ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིའི་རེ་འདུན་འོག་ཁ་ན་ཌས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེའི་ནོར་དོར་སྤྱི་གཉེར་བ་མིན་ཝན་ཀྲུའུ་(Meng Wanzhou) འཛིན་བཟུང་བྱས་ཏེ། ད་བར་ཁ་ན་ཌའི་ཝན་ཁོ་ཝར་གྲོང་ཁྱེར་དུ་བཟང་བཙོན་ལྟ་བུར་གནས་ཡོད་ལ། ཁ་ན་ཌའི་ཁྲིམས་ཁང་ལ་མོ་རང་ཨ་རིར་རྩིས་སྤྲོད་མི་བྱེད་རྒྱུའི་ཞུ་གཏུག་ཀྱི་རིམ་པ་འགྲོ་མུས་ཡིན་འདུག

ཁ་ན་ཌས་མིན་ཝན་ཀྲུའུ་འཛིན་བཟུང་བྱས་པ་དང་རྒྱ་ནག་གིས་གཞུང་འབྲེལ་གསར་འགོད་ལྷན་ཚོགས་སོགས་ཀྱི་སྟེང་ནས་ཁ་ན་ཌར་མོ་ཀློད་གྲོལ་གཏོང་དགོས་སྐོར་དང་། གལ་ཏེ་མ་གཏང་ཚེ་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་སོགས་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་སོགས་ཀྱི་ཉེན་བརྡ་བཏང་ཡོད་པ་མ་ཟད། བདུན་ཕྲག་གཉིས་ཙམ་ལས་མ་སོང་བར་རྒྱ་ནག་གིས་གསལ་བཤད་སོགས་གང་ཡང་མེད་པའི་ཐོག་ནས་ཁ་ན་ཌའི་སྐུ་ཚབ་ཟུར་པ་མེ་ཁལ་ཀོབ་རིག་(Michael Kovrig) དང་། ཚོང་བ་མེ་ཁལ་སི་པེ་ཝར་(Michael Spavor) གཉིས་གསང་མྱུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད།  རྒྱ་ནག་གིས་ཁ་ན་ཌའི་ས་ནས་ཕག་ཤ་སོགས་ནང་འདྲེན་མཚམས་འཇོག་བྱས་ཡོད་མ་ཟད། སྲིད་བློན་ཊུ་རུ་ཌོ་ལགས་ཀྱིས་རྒྱ་ནག་ཏུ་ཡོད་པའི་ཁ་ན་ཌའི་གཞུང་ཚབ་པ་གནས་དབྱུང་བཏང་བ་སོགས་འདས་པའི་ཟླ་ ༩ ནང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་ཛ་དྲག་ལྟ་བུར་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༠༦

Leave a Reply

2 thoughts on “གཞུང་ཚབ་གསར་པ་བསྐོས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་གནང་།

  1. བཙན་པའི་བུ་རྒྱུད།

    ནུབ་ཕྱོགས་མགོ་སེར་ཚོ་ད་དུང་རྒྱ་ནག་གིས་གང་བྱུང་འཛིན་བཟུང་བྱས་ན་ཡག་པོ་རེད་སྙམ། དེ་ལྟར་མ་བྱས་ཚེ་ཁོ་ཚོས་རྒྱ་ནག་གི་གཡོ་རྒྱུ་སོགས་ཤེས་དཀའ་བ་དང་བོད་དང་སོག་པོ་ཞིན་ཅང་བཅས་ཀྱི་གནས་སྟངས་ངོ་མ་དེ་ཤེས་རྒྱུ་ཧ་ཅང་དཀའ་འོ་།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཁེ་ན་ཌ་དང་རྒྱ་ནག་བར་མི་མཐུན་པའི་ཕྱོགས་དེ་གཙང་སེལ་བྱས་ནས་
    རྒྱལ་ཁབ་གཉིས་ཀྱིས་མི་མང་ལ་འགྲོ་འོང་གིས་རང་དབང་སྤྲོད་དགོས་པ་ལས་
    རྒྱལ་ཁབ་ཕན་ཚུན་གྱིས་མཐོ་རིམ་མི་སྣས་རང་མཁེ་རྩལ་དུ་གཏོད་ནས་ཞི་བའི་
    མི་མང་གིས་འཚོ་བ་དང་འགྲོ་སྡོད་རང་དབང་ལ་ནམ་ཡང་འགོག་རྐྱེན་བཟོ་མི་
    ཉན་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་
    གཞི་རིམ་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐངས་ལ་འགན་སྲུང་ཞུ་དགོས་པ་དེ་མཉམ་
    འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་ཡིན་པ་ནས་རྒྱལ་སྤྱིའི་ཁྲིམས་ལ་རྩི་
    སྲུང་ཞུ་དགོས་པ་དེ་ལས་འགན་ཞིག་མིན་པ་ཡིན་ནམ།