ཐའེ་ཝན་མི་མང་གིས་ཧོང་ཀོང་ཞི་རྒོལ་བར་རྒྱབ་སྐྱོར་བྱེད་ཀྱི་འདུག

ཧོང་ཀོང་གཞུང་གིས་དྲ་ཐོག་ནས་ཉེན་སྲུང་ཞྭ་མོ་དང་ཁ་རས་སོགས་མངག་ཉོ་གཏོང་བར་བཀག་སྡོམ་བྱེད་ཀྱི་ཡོད་པར་བརྟེན་ཐའེ་ཝན་གྱི་རྒྱབ་སྐྱོར་བ་ཚོས་ཉེན་སྲུང་ཞྭ་མོ་དང་ཁ་རས་སོགས་ཞལ་འདེབས་སུ་བསྡུ་སློང་བྱེད་ཀྱི་ཡོད་འདུགདེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཞིག་ནས་ཧོང་ཀོང་གཞུང་གིས་ངོ་རྒོལ་ལས་འགུལ་སྐབས་མཁོ་གལ་ཆེ་བའི་ཉེན་སྲུང་ཞྭ་མོ་དང་། མིག་ཤེལ། ཁ་རས་སོགས་དྲ་ཐོག་ནས་མངགས་ཉོ་བྱེད་པར་བཀག་སྡོམ་བྱེད་བཞིན་ཡོད་པར་བརྟེན། ཐའེ་ཝན་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད། ཐའེ་ཝན་མི་མང་ས་ནས་ཉེན་སྲུང་ཞྭ་མོ་ ༧༠༠ དང་ཁ་རས་ ༡༠༠༠། མིག་ཤེལ་སོགས་ཞལ་འདེབས་བསྡུ་སློང་བྱས་ཡོད་པ་དང་། ཐའེ་ཝན་ནང་རྟེན་གཞི་བྱས་ཡོད་པའི་ཧོང་ཀོང་གི་ཕྱི་མི་(The Hong Kong Outlanders) ཞེས་པའི་སློབ་ཕྲུག་ཚོགས་པ་ཞིག་བརྒྱུད་ནས་ཧོང་ཀོང་ནང་བསྐུར་གྱི་ཡོད་འདུག

དེ་ཡང་ཁ་སང་ཐའེ་ཝན་དུ་རྟེན་གཞི་བྱས་པའི་ཏའོ་ཡུན་ནུས་སྤེལ་ཚོགས་པས་ (Taoyuan Empowerment) ཐའེ་པའེ་ཉེ་འཁྲིས་ཏའོ་ཡུན་གྲོང་ཁྱེར་གྱི་ཟ་མའི་ཁྲོམ་ར་ཞིག་ཏུ་ཞལ་འདེབས་བསྡུ་སློང་གི་ལས་འགུལ་སྤེལ་ཡོད་པ་དང་། ཚོགས་པ་དེའི་ཚོགས་གཙོ་ནཱ་སུ་ཕོག་(Na Su-phok) གིས། འདི་ལྟ་བུའི་ལས་འགུལ་སྤེལ་དགོས་དོན་ནི། ཐའེ་ཝན་མི་མང་གི་རྒྱབ་སྐྱོར་ཡོད་པ་ལག་ལེན་དུ་བསྟར་པ་ཞིག་ཡིན་པ་དང་། ང་ཚོས་འགྲོ་བ་མི་གཅིག་མཚུངས་ཡིན་པའི་གཞི་རྩའི་ཐོག་ནས་བྱེད་ཀྱི་ཡོད་ལ། དེ་ནི་དམངས་གཙོའི་རང་སྲུང་གི་མཚོན་དོན་ཞིག་ཀྱང་ཡིན། ཞེས་བརྗོད་ཡོད་འདུག་ལ། རང་ལོ་ ༢༩ ཡིན་པའི་ལིའུ་ཟེར་བ་ཞིག་གིས་ཉེན་སྲུང་ཞྭ་མོ་གཉིས་དང་མིག་ཤེས་གཉིས་ཞལ་འདེབས་ཕུལ་ཏེ། གལ་ཏེ་ང་ཚོས་ཧོང་ཀོང་གི་མི་མང་ལ་རྒྱབ་སྐྱོར་མ་བྱས་ཚེ། ཐའེ་ཝན་དེའི་གཞུག་ལ་ཡོང་རྒྱུ་རེད། ངས་བསམ་ན་འདི་ནི་ཁ་ཡོད་ལག་ཡོད་ཀྱི་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཚུལ་ཞིག་རེད། ཅེས་བརྗོད་ཡོད་འདུག

གཞན་ཡང་ཐའེ་པའེ་རུ་ཡོད་པའི་ཁྲི་ནན་པེ་རེ་སི་བྷི་ཊེ་རི་ཡན་ཡེ་ཤུའི་ལྷ་ཁང་(Chè-lâm Presbyterian Church)དུ། འདས་པའི་ཟླ་བ་གསུམ་ལྷག་གི་རིང་ས་ཕྱོགས་འདྲ་མིན་ནས་ཉིན་ལྟར་ཧོང་ཀོང་གི་ལས་འགུལ་བའི་ཆེད་དུ་ཉེན་སྲུང་ཞྭ་མོ་དང་། རླུང་ཚགས། མིག་ཤེལ་སོགས་བསྐུར་གྱི་ཡོད་པ་དང་། ད་བར་ལྷ་ཁང་དེས་ཟོག་སྐྱེལ་ཁང་དང་གྲོགས་པོ་སོགས་བརྒྱུད་ནས་ཧོང་ཀོང་ནང་ཁྱོན་ཉེན་སྲུང་ཅ་དངོས་ ༡༠༠༠ ལྷག་བསྐུར་ཐུབ་ཡོད་འདུག ལྷ་ཁང་དེའི་དཀོར་གཉེར་ཧུང་ཀྲུན་ཧྲིན་(Huang Chun-sheng) ཞེས་པ་ཞིག་གིས། ང་ཚོར་ཐའེ་ཝན་གྱི་ས་ཕྱོགས་འདྲ་མིན་ནས་ཉེན་སྲུང་ཅ་དངོས་འབྱོར་གྱི་འདུག ཉེ་ཆར་རྒྱ་ནག་ནས་ཀྱང་ཅ་དངོས་གཉིས་འབྱོར་སོང་། ཞེས་དང་། ང་ཚོས་ཧོང་ཀོང་མི་མང་ལ་དགོས་གལ་མ་བྱུང་བར་དུ་ཉེན་སྲུང་ཅ་དངོས་མཁོ་སྤྲོད་བྱ་རྒྱུ་ཡིན། ཡེ་ཤུའི་དམ་པའི་གསུང་རབ་ནང་ང་ཚོས་རང་གི་ཁྱིམ་མཚེས་ལ་བྱམས་བརྩེ་བྱེད་དགོས་པར་གསུངས་ཡོད། ང་ཚོའི་ཁྱིམ་མཚེས་ཧོང་ཀོང་གིས་དཀའ་ངལ་མྱོང་བཞིན་ཡོད་སྟབས། ང་ཚོས་གང་འཇོན་པ་དེ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཧོང་ཀོང་གི་སྤྱི་ཁྱབ་ལྕམ་ཀེ་རི་ལམ་གྱིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཞུང་འབྲེལ་གྱི་ཐོག་ནས་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་གྱི་ལས་འགུལ་བ་རྣམས་ཀྱིས་དེ་ནི་ཧ་ཅང་ཕྱིས་དྲག་པ་ཞིག་དང་། དགོས་འདུན་དོན་ཚན་ལྷག་མ་ ༤ ཡང་བསྒྲུབ་དགོས་སྐོར། ཡང་རེ་འགས་དེ་ནི་རྒྱ་གཞུང་གི་གཡོ་བྱུས་ཤིག་ཡིན་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཡོད་པ་རེད།ཀེ་རི་ལམ་གྱིས་གསལ་བསྒྲགས་བྱས་ཏེ་ཆུ་ཚོད་འགའ་འགོར་རྗེས། ཉི་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་བོང་ (Joshua Wong) གིས་གསར་འགོད་པར། ཀེ་རི་ལམ་གྱིས་ཁྲིམས་འཆར་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དེ་དོན་དངོས་ཐོག་ཧ་ཅང་ཕྱིས་དྲག་པ་དང་། ཉུང་དྲག་པ་ཞིག་རེད། ང་ཚོས་འདས་པའི་ཟླ་བ་ ༢ རིང་གི་ངོ་རྒོལ་ལས་འགུལ་སྐབས་ཧོང་ཀོང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་དྲག་གནོན་བྱས་པ་ཤེས་ཀྱི་ཡོད། ང་ཚོའི་འབོད་སྒྲ་ལ་སྣང་བ་མི་འཇོག་མཁན་གྱི་སྲིད་གཞུང་འདིའི་འོག་ནས་ད་བར་ལས་འགུལ་བ་ ༡༢༠༠ ལས་མང་བ་འཛིན་བཟུང་དང་། ང་ཚོའི་ཕྱག་རོགས་ ༡༠༠ ལས་མང་བར་ཁྲིམས་ཐག་བཅད་ཡོད་པ། དེ་བཞིན་ལས་འགུལ་བ་ ༨ ཀྱིས་རང་སྲོག་བཅད་དེ་འདས་གྲོངས་སུ་སོང་ཡོད་མེད་ལ་མ་ལྟོས་པར། ང་ཚོས་མ་མཐུད་ལས་འགུལ་སྤེལ་དགོས། ཉུང་མཐར་ཡང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་བར་ལས་འགུལ་མུ་མཐུད་སྤེལ་དགོས། ང་ཚོས་པེ་ཅིན་གཞུང་གི་ཐབས་བྱུས་དེ་ཤེས་ཀྱི་ཡོད། ཁོ་ཚོས་ད་ལྟ་ཁྲིམས་འཆར་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་བྱས་དགོས་དོན་དེ། ཡོང་རྒྱུའི་བདུན་ཕྲག་འགའ་ཤས་དང་དམིགས་བསལ་རྒྱལ་སྟོན་དུས་ཆེན་སྐབས་ལས་འགུལ་བ་ཉུང་དུ་འགྲོ་ཆེད་རེད། འོན་ཀྱང་ང་ཚོའི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་དང་དམ་བཅའ་སྔར་བས་ཤུགས་ཆེར་གྱུར་ཏེ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན། ང་ཚོས་རང་དབང་གི་འོས་བསྡུའི་ཆེད་འཐབ་རྩོད་སྔར་བས་ཤུགས་ཆེར་བྱ་རྒྱུ་ཡིན། ཞེས་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༠༧

Leave a Reply