༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་ཐའེ་ཝན་ནང་མཛད་འཕྲིན་སྐྱོང་བཞིན་འདུག

༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་ནས་མི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་དད་པ་དང་ཉམས་ལེན་བྱས་པ་ཡིན་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ལྟ་བུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་བ་དེ་ཚོ་ཡོང་མི་དགོས་སྐོར་གསུངས།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར། དཔལ་རྒྱལ་བ་འབྲི་གུང་བའི་བསྟན་པའི་རྩ་ལག་༧སྐྱབས་རྗེ་མགར་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༧ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཡཱན་ཧྲན་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་མགར་ཆེན་ཆོས་ཚོགས་ཟུང་འབྲེལ་གྱིས་གོ་སྒྲིག་འོག ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་རིས་མེད་རྒྱ་བོད་གཉིས་ཀྱི་དགེ་འདུན་པ་༢༠༠ཙམ་དང་དད་ལྡན་མི་མང་༡༤༠༠ལྷག་ཡས་མས་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་འཁྲིད་དང་འབྲེལ་བྱང་ཆུབ་སེམས་ཀྱི་སྡོམ་པ་བསྩལ་གནང་ཡོད་པ་རེད།

སྐབས་དེར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་འཛམ་གླིང་གི་ཞི་བདེ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། མི་མང་གི་བདེ་སྐྱིད་བཅས་འཕྲལ་ཕུགས་ཀྱི་བདེ་བའི་འབྱུང་གནས་ཡིན་པ་དང་། གལ་ཏེ་མི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་དད་པ་དང་ཉམས་ལེན་བྱས་པ་ཡིན་ན། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ལྟ་བུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་བ་དེ་ཚོ་ཡོང་མི་དགོས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་འཛམ་བུ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་བྱམས་དང་སྙིང་རྗེའི་ཉམས་ལེན་བྱེད་རྒྱུ་རྩ་ཆེན་པོར་བརྩི་བཞིན་ཡོད་པ་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ངོས་ནས་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོར་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་གསུངས།

དེའི་རྗེས་ཐའེ་ཝན་གྱི་བླ་ཆེན་ཧྭེ་ཐའོ་ཧྥ་ཧྲི་མཆོག་གིས། མགར་ཆེན་རིན་པོ་ཆེ་ནི་དུས་རབས་འདི་སྐྱོབ་པར་འཇིག་རྟེན་གསུམ་མགོན་དངོས་ལྟ་བུ་ཞིག་ཡིན་པ་དང་། ཁོང་སྒེར་ངོས་ནས་ཀྱང་མ་གཞི་རང་ཉིད་རང་མཐོང་ཆེན་པོ་ཞིག་ཡིན་ཡང་། དེ་སྔོན་ཨ་རིར་མགར་ཆེན་རིན་པོ་ཆེའི་དྲུང་དུ་ཆེད་བཅར་གྱིས་བདུན་ཕྲག་གཉིས་རིང་སྨིན་གྲོལ་གྱི་གདམས་ངག་མང་པོ་ཞུས་པ་ཡིན། ཁོང་ནི་ངེས་པ་དོན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ལྟ་བུར་བཞུགས་ཡོད་པ་དང་། ད་ཐེངས་ཡང་ཆེད་དུ་བྱང་ཆུབ་སེམས་ཀྱི་བཀའ་ཆོས་འདི་ཉིད་ཞུ་སར་ཆེད་བཅར་གནང་བ་ཡིན་སྐོར་དང་། ཐེངས་འདིར་རིན་པོ་ཆེ་ཁོང་ཐའེ་ཝན་དུ་ཕེབས་ནས་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་བྱང་ཆུབ་སེམས་ཀྱི་བཀའ་འཁྲིད་གནང་བ་ནི་རྒྱ་བརྒྱུད་དང་། བོད་བརྒྱུད་གང་ལ་ལྟོས་ཀྱང་མེད་དུ་མི་རུང་བ་ཡིན་པས། བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱི་བརྒྱུད་པ་རིན་པོ་ཆེ་འདིའི་སྲོག་དངོས་སུ་འཐུད་པ་ལྟ་བུ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས། ནང་པའི་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་བ་དང་། ཐའེ་ཝན་ས་གནས་སུ་ཆོས་དང་མཐུན་པའི་སྤྱི་ཕན་ལས་དོན་གནང་དང་གནང་བཞིན་ཡོད་པ་སོགས་ཞིབ་འཇུག་ཚོགས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ།  ཕྱི་ཟླ་༡༠ཚེས་༥དང་༦ཉིན་གཉིས་རིང་ཆེས་མཐོའི་ནང་བསྟན་བགྲོ་གླེང་ཚོགས་གཏན་འཁེལ་ཡོད་པ་དང་། ཚོགས་ཞུགས་ཁྲོད་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་ཞིན་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས། ཐེ་ལན་ཌིའི་ཆོས་སྐུ་དགོན་གྱི་ཐའེ་ཝན་གྱི་ཆོས་ཚོགས་བཅས་ནང་བསྟན་བརྒྱུད་པ་གསུམ་ཡོད་སྐོར་དང་། ཆེས་མཐོའི་ནང་བསྟན་བགྲོ་གླེང་སྐོར་གྱི་ཚོགས་ཞུགས་དེབ་སྐྱེལ་བྱེད་སྟངས་སོོགས་སྐོར་ལ་འགྲེལ་བརྗོད་གནང་།

ཕྱི་ལོ་༢༠༡༦ཟླ་༨ནང་མགར་ཆེན་རིན་པོ་ཆེ་ཐའེ་ཝན་དུ་ཕེབས་སྐབས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་གཅིག་སྟོང་མ་ཟིན་ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་དང་། གཤིན་པོ་རྗེས་འཛིན་གྱི་སྦྱང་ཆོག་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ་མྱོང་ཡོད་པ་རེད།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་དེ་སྔོན་ཡང་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་དང་། དཔལ་ས་སྐྱའི་༧གོང་མ་ཁྲི་འཛིན་དང་གདུང་སྲས་རྣམ་པ། བོད་ནང་གི་༧མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་༧མཁན་ཆེན་བསོད་དར་རྒྱས་མཆོག། དེ་བཞིན་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་བླ་ཆེན་མང་པོ་ཞིག་ཐའེ་ཝན་དུ་ཕེབས་སྐབས་ཆེད་དུ་གདན་ཞུས་ཀྱིས་སྤྱི་ཕན་གྱི་མཛད་རིམ་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་ཚོགས་པ་ཆེན་པོ་ཁག་མང་པོ་ཞིག་དང་མཉམ་འབྲེལ་གྱིས། ཕན་ཚུན་བར་གྱི་མཐུན་ལམ་གོང་མཐོར་དང་སྐབས་དང་དུས་ལ་བབ་པའི་ས་གནས་ཀྱི་ཆོས་དང་འབྲེལ་བའི་ལས་དོན་མང་པོ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།

གནས་ཚུལ་མཁོ་སྤྲོད་པ་ཚོགས་པའི་དྲུང་ཆེ་རྫ་ཚེ་རིང་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༩/༠༩

Leave a Reply

One thought on “༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་ཐའེ་ཝན་ནང་མཛད་འཕྲིན་སྐྱོང་བཞིན་འདུག