ལྐོག་དངུལ་སྤྲད་དེ་ངོ་རྒོལ་སློང་ཐབས།

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་འབྲེལ་མིན་པའི་ཚོགས་པ་འགར་དངུལ་སྤྲད་དེ་རྩོད་རྙོག་ཆེ་བའི་ཨ་རུ་ན་ཅལ་མངའ་སྡེའི་ཆུ་མཛོད་རྒྱག་པར་ངོ་རྒོལ་སློང་ཐབས་བྱེད་ཀྱི་ཡོད་འདུག ཁ་སང་རྒྱ་གར་གྱི་ (The Mint) གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ ནང་ཨ་རུ་ན་ཅལ་མངའ་སྡེའི་ (Lower Subansiri) རྫོང་གི་ནང་རྒྱ་གར་གྱི་ཆུ་མཛོད་བཟོ་ལས་ཁང་ (NHPC Limited) ཡིས་ (Subansiri Lower Dam) ཆུ་མཛོད་བསྐྱར་སྐྲུན་གྱི་ལས་གཞི་མགོ་འཛུགས་འཆར་ཡོད་པ་དང་། གློག་ཤུགས་ ༦༠༠ (MW) ཅན་གྱི་ (Tawang-I) ཆུ་མཛོད་ཁང་དང་གློག་ཤུགས་ ༨༠༠(MW) འདོན་ཐུབ་པའི་(Tawang-II)ཆུ་མཛོད་འཛུགས་སྐྲུན་ལས་གཞི་ཇེ་མགྱོགས་སུ་གཏོང་འཆར་ཡོད་སྟབས། རྒྱ་ནག་གཞུང་གིས་ལྐོག་དངུལ་སྤྲད་དེ་ངོ་རྒོལ་རྒྱག་པར་སྐུལ་སློང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་ཡང་མིང་བརྗོད་འདོད་མེད་པའི་རྒྱ་གར་གཞུང་གི་ཆེས་མཐོའི་དཔོན་རིགས་ཤིག་གིས། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་འབྲེལ་མིན་པའི་ཚོགས་པ་འགར་ལྐོག་དངུལ་སྤྲད་དེ། རྒྱ་གར་གཞུང་གིས་མངའ་སྡེ་དེའི་ནང་ཆུ་མཛོད་རྒྱག་པའི་ལས་གཞི་བསྐྱར་དུ་མགོ་འཛུགས་པར་ངོ་རྒོལ་སློང་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་གྱི་གློག་ཤུགས་ཐོན་ནུས་བློན་ཆེན་གྱི་མགྲིན་ཚབ་པ་དང་ཕྱི་སྲིད་བློན་ཆེན་ལས་ཁུངས། དེ་བཞིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དང་ཆུ་མཛོད་བཟོ་ལས་ཁང་ (NHPC Limited) བཅས་སོ་སོར་གསར་ཁང་དེས་གློག་འཕྲིན་བརྒྱུད་གནས་ཚུལ་དེའི་སྐོར་དྲིས་པར་ལན་འདེབས་བྱུང་ཡོད་མི་འདུག་ལ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ན་རེ་ཤི་ཀུ་མུར་ (Naresh Kumar) ལགས་ཀྱིས། ཁོང་ལ་དེའི་སྐོར་ཀྱི་གནས་ཚུལ་མཁོ་སྤྲོད་གནང་རྒྱུ་མེད་སྐོར་བརྗོད་ཡོད་འདུག

ལྷོ་ཨེ་ཤ་ཡའི་ཆུ་མཛོད་འབྲེལ་མཐུད་པ་ཧི་མན་ཤུ་ཐག་ཀཱར་ (Himanshu Thakkar) ཞེས་པ་ཡིས། ཨ་རུ་ན་ཅལ་མངའ་སྡེའི་རྒྱུག་ཆུ་ཁག་གི་ཐོག་འཛུགས་སྐྲུན་གྱི་ལས་གཞི་ཅི་ཞིག་ཡོད་རུང་། རྒྱ་གར་གཞུང་གིས་དམངས་གཙོའི་རང་བཞིན་དང་གོ་རྟོགས་ཡོད་པའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་དེ་གལ་ཆེན་ཡིན་པ་རེད། མངའ་སྡེའི་མི་མང་གི་ཚོར་བ་ཧ་ཅང་རྣོན་པོ་ཡིན་པས། ཁོར་ཡུག་ལ་གནོད་པའི་ལས་གཞི་གང་འདྲ་ཞིག་ཡིན་ནའང་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་མངའ་སྡེའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དངུལ་སྤྲད་དེ་ལས་གཞི་ལ་ངོ་རྒོལ་བྱེད་པར་སྐུལ་བའི་སྐད་ཆ་དེ་ཁུངས་ལུངས་མེད་པ་ཞིག་རེད། ཅེས་བརྗོད་འདུག

ཨ་རུ་ན་ཅལ་མངའ་སྡེའི་ (Subansiri Lower Dam) ཆུ་མཛོད་ལས་གཞི་ནི་ཕྱི་ལོ་ ༢༠༠༤ ལོར་ལས་མགོ་བརྩམས་ཡོད་པ་དང་། ལས་འཆར་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་ཡོངས་སུ་འགྲུབ་དགོས་ཀྱི་ཡོད་ནའང་། ཆུ་ལོག་དང་ས་ཉིལ་བྱུང་བ། དེ་བཞིན་ས་གནས་མི་མང་གིས་ཆུ་མཛོད་འཛུགས་སྐྲུན་ལས་གཞི་ལ་ངོ་རྒོལ་བྱས་པ་སོགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་ལས་མཚམས་བཞག་ཡོད་སྟབས། ད་བར་ཆུ་མཛོད་ཀྱི་བཟོ་བཀོད་བསྐྱར་བཟོ་དང་ས་གནས་མི་མང་ལ་གྲོས་མོལ་སོགས་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༡༠ ནང་བསྐྱར་དུ་ལས་མགོ་འཛུགས་འཆར་ཡོད་འདུག་ལ། ཐོག་མའི་ལས་གཞི་ལྟར་ལེགས་འགྲུབ་བྱུང་ཚེ་དེ་ནི་རྒྱ་གར་གྱི་ཆུ་མཛོད་ཆེ་གྲས་གཅིག་ཏུ་ཆགས་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༠༩

Leave a Reply

2 thoughts on “ལྐོག་དངུལ་སྤྲད་དེ་ངོ་རྒོལ་སློང་ཐབས།

  1. ཨ། ངེད་ཅག་བོད་ཀྱི་ལས་ངན། རྒྱ་འདྲེ་དཀར་ནག་གཉིས་ཀྱི་ཁ་ལ་འཐེབས། ད་ ལྷ་འདྲ་གསོལ། ཀླུ་འདྲ་གསོལ། མོ་འདྲ་བརྒྱབ། 😂 😂 😂 😂 😂