ཚྭ་འདམ་གཞོང་ནས་སྣུམ་གཏེར་འབོར་ཆེན་རྙེད།

མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་ནས་ཉིན་རེར་རྡོ་སྣུམ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ ༥༤༨༨ དང་། སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ ༦༨༩༩ ཅན་གྱི་ནུས་ཚད་ཧ་ཅང་མཐོ་བའི་སྣུམ་གཏེར་གསུམ་རྙེད་ཡོད་སྐོར་བསྒྲགས།ཁ་སང་ཕྱི་ཚེས་ ༩ ཉིན། རྒྱ་ནག་དབུས་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྣུམ་ཞིང་སྤྱི་གཉེར་ཁང་ཟེར་བ་དེས་བོད་ཀྱི་ཚྭ་འདམ་གཞོང་ནས་ཉིན་རེར་རྡོ་སྣུམ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ ༥༤༨༨ དང་། སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ ༦༨༩༩ ཅན་གྱི་ནུས་ཚད་ཧ་ཅང་མཐོ་བའི་བཟོ་ལས་སྣུམ་དང་རླངས་སྣུམ་གྱི་གཏེར་ཁ་གསར་པ་གསུམ་རྙེད་ཡོད་སྐོར་དང་། ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ནུས་ཤུགས་མཁོ་འདོན་ཁང་སོགས་ལས་ཁུངས་ ༨ མཉམ་འབྲེལ་གྱིས་སྣུམ་གཏེར་དེ་དག་སྔོག་འདོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་འབྲེལ་གྱི་གཞུང་ཕྱོགས་གསར་འགྱུར་ནང་། མཚོ་སྔོན་ཞིང་ཆེན་ནུས་རྒྱུ་བཟོ་ལས་ཁང་དང་མཚོ་སྔོན་སྣུམ་ཞིང་སྤྱི་གཉེར་ཁང་སོགས་ཀྱིས་སྣུམ་གཏེར་དེ་དག་ལེན་པ་དང་། སྣུམ་གཏེར་མུ་མཐུད་འཚོལ་ཞིབ་བྱེད་པར་གཞོགས་འདེགས་དང་ཤུགས་སྣོན་བརྒྱབ་སྟེ། སྣུམ་རླངས་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ས་གནས་དེར་དེ་སྔོན་ཉིན་རེར་རྡོ་སྣུམ་སོགས་ཏུན་དུང་ཕྱུར་ ༡༦༧ ལྷག་ལེན་ཐུབ་ཡོད་སྐོར་བརྗོད་འདུགསྔར་ལོའི་ཕྱི་ཟླ་ ༤ ནང་མཚོ་སྔོན་སྣུམ་ཞིང་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་ས་གཤིས་རིག་པ་བ་ལིའུ་ཡུན་ཐེན་ཟེར་བ་ཞིག་གིས། མཚོ་སྔོན་སྣུམ་ཞིང་ས་ཚིགས་ནི་བོད་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་ཁོ་ན་དེ་ཡིན་པ་དང་། སྣུམ་རླངས་གཏེར་ཁ་གསར་རྙེད་བྱུང་བ་ལ་བརྟེན་ནས་ཀན་སུའུ་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས། རྒྱལ་སྲུང་དང་མཐའ་མཚམས་འཛུགས་སྐྲུན་བཅས་ཀྱི་ཐད་ལ་དམིགས་བསལ་གྱིས་གྲུབ་འབྲས་ཐོན་ཡོད་པ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་ཆེ་རུ་སོང་བ་དེས་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ་སོགས་ས་ཁུལ་ཁག་གི་ཡུལ་མི་འབུམ་ ༡༠༠ ཙམ་ལ་ཕན་ཐོགས་བྱུང་ཡོད་པ་མ་ཟད། ། ལྷག་པར་དུ་རང་བྱུང་སོལ་རླངས་ཀྱི་ནུས་ཁུངས་གཙང་མས་མཚོ་སྔོན་གྱི་གཙང་གསུམ་ཆུ་མགོ་དང་། མདོ་ལ་རིང་མོ། དེ་བཞིན་མཚོ་བོད་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཐུབ་ཡོད་སྐོར་བརྗོད་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ ༡༩༥༤ ལོ་ནས་མཚོ་སྔོན་ཚྭ་འདམ་གཞོང་སའི་སྣུམ་རླངས་རྩད་ཞིབ་བྱ་བའི་མགོ་བརྩམས་ཡོད་པ་དང་། ལོ་རབས་ ༥༠ པ་དང་༧༠ ནང་སྔ་གཞུག་ཏུ་ཚ་འདམ་གཞོང་ནས་འཁྱག་མཚེའུ་(冷湖) གྭ་ཟི།(尕斯) སེ་པེ་(涩北)སོགས་སྣུམ་རླངས་ཞིང་ས་ཁག་གཅིག་རྙེད་ཡོད་ན་ཡང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པ་དང་། ས་གཤིས་གནས་ཚུལ་རྙོག་འཛིང་ཆེ་བས་ས་ངོས་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་སོགས་ཀྱིས་ལས་གྲྭའི་ལག་རྩལ་ལ་དཀའ་ངལ་འཕྲད་ཡོད་ཀྱང་། ཕྱི་ལོ་ ༢༠༠༧ ལོར་ཚྭ་འདམ་གཞོང་སའི་གཏེར་ཁ་རྩད་ཞིབ་ཆེད་དམིགས་བསལ་ལག་རྩལ་བ་མི་གྲངས་ ༡༠༠༠ ལྷག་གིས་གཏེར་ཁ་རྩད་ཞིབ་དང་སྔོག་འདོན་བྱས་ཡོད་པར་བརྟེན། ས་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་བཏང་བ་དང་། གཏེར་ཁ་ཡོད་པའི་ས་ཁུལ་ཁག་ཡུལ་མིའི་ལག་ནས་བཙན་འཕྲོག་བྱས་པའི་རྐྱེན་གྱིས། ས་གནས་མི་མང་གིས་ཞུ་གཏུག་ངོ་རྒོལ་བསྟུད་མར་བྱས་ཏེ་རང་ས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་ཡོད་ཀྱང་། ཕན་འབྲས་མ་ཐོན་པར་ཡུལ་མི་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་ས་དཔྱད་རིག་པ་བ་མང་པོ་བོད་ཁུལ་གྱི་ས་ཆ་གང་སར་ཆེད་གཏོང་གིས། རང་བྱུང་གཏེར་རྫས་རིགས་འབོར་ཆེན་སྔོག་འདོན་བྱས་ཏེ་རྒྱ་ནག་ནང་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གི་དཔོན་རིགས་དང་སྒེར་གཉེར་གཏེར་ལས་བ་ངན་འབྲེལ་བྱས་ཏེ། ཡིག་ཆ་རྫུན་བཟོ་བྱས་ཏེ་བོད་ཁུལ་གྱི་གཏེར་ཁ་འབོར་ཆེན་ལོ་ངོ་བཅུ་ཕྲག་འགར་སྔོག་འདོན་གྱིས་ཚོང་ལས་ཤུགས་ཆེན་གཉེར་ཡོད་པ་དཔེར་ན། འདས་ལོའི་ལོ་མཇུག་ཏུ་བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་དུ་ཉུང་མཐར་འདས་པའི་མི་ལོ་ ༤༠ ཙམ་རིང་རྡོ་སོལ་སྔོག་འདོན་གྱི་ཁེ་ལས་ཁང་ཁག་ཅིག་གིས་ལག་བརྒྱུད་ཀྱིས་གཞུང་ཡིག་རྫུན་མ་ཞིག་བེད་སྤྱད་དེ། རྡོ་སོལ་ཏུན་བྱེ་བ་ ༡ ཡས་མས་སྔོག་འདོན་བྱས་ཏེ་རྒྱ་སྒོར་དུང་ཕྱུར་ ༡༠༠ ལྷག་གི་ཁེ་བཟང་བླངས་ཡོད་པ་དང་། རྩྭ་ཆུ་འཛོམས་པའི་འབྲོག་པའི་རྩྭ་ཐང་དེར་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་ཁྱོན་དང་མཚུངས་བའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༦ ལྷག་བསྔོགས་ཏེ་ཡུལ་དེའི་སྣོད་བཅུད་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་ཡོངས་གྲགས་ཆགས་ཡོད་ཀྱང་། མུ་མཐུད་མུ་རུའི་རྩྭ་ཐང་ནས་རྡོ་སོལ་སྔོག་འདོན་མཚམས་བཞག་ཡོད་པ་མ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༡༠

Leave a Reply

One thought on “ཚྭ་འདམ་གཞོང་ནས་སྣུམ་གཏེར་འབོར་ཆེན་རྙེད།

  1. ཨ། ངེད་ཅག་བོད་ཀྱི་ལས་ངན། རྒྱ་འདྲེ་དཀར་ནག་གཉིས་ཀྱི་ཁ་ལ་འཐེབས། ད་ ལྷ་འདྲ་གསོལ། ཀླུ་འདྲ་གསོལ། མོ་འདྲ་བརྒྱབ། 😂 😂 😂 😂 😂