ཨོ་གླིང་གཞུང་གིས་ཀྱང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་བཟོ་དགོས་པའི་འབོད་སྐུལ་ཞུས།

ཨོ་སི་ཊོ་ལི་ཡ་གཞུང་གིས་ཨ་རི་ལྟར་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་གྱི་འདུགདེ་རིང་ནས་འགོ་འཛུགས་ཀྱིས་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཨོ་གླིང་བོད་དོན་ལྷན་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་མཉམ་འབྲེལ་ཐོག ཨོ་གླིང་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྒྱུན་ལས་དང་། ན་གཞོན་ལས་འགུལ་བ་ ༡༦ ལས་གྲུབ་པའི་ཚོགས་ཆུང་ཞིག་ཡུལ་དེའི་རྒྱལ་ས་ཁེན་བྷེ་རར་(Canberra) ཆེད་སྐྱོད་ཀྱིས། ཨོ་གླིང་གི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་གནད་ཡོད་མགོ་འཁྲིད་ ༥༠ ལྷག་ལ་ཐུག་འཕྲད་གནང་སྟེ། ཨོ་སི་ཊོ་ལི་ཡ་གཞུང་གིས་ཨ་རི་ལྟར་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་ཞིག་གཏན་འབེབ་གནང་དགོས་པའི་བོད་དོན་ཞུ་འབོད་ལས་འགུལ་ཐེངས་ ༨ པ་སྤེལ་བཞིན་འདུག

དེ་རིང་ཞོགས་པར་བོད་དོན་ཞུ་འབོད་ཀྱི་སྐུ་ཚབ་རྣམས་ཀྱིས་ཨོ་གླིང་གི་སྲིད་བློན་གཞོན་པ་མེ་ཁལ་མེག་ཁོར་མེག་ (Michael McCormack) ལགས་དང་ཁོང་མི་སློབ་སྟོན་པ། དེ་བཞིན་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཁེ་ཝིན་ཨེན་ཌི་རི་ཡུ་  (Kevin Andrews) ལགས་ཀྱི་གཙོས་གྲོས་ཚོགས་འཐུས་མི་རོ་ཝན་རམ་སེ་(Rowan Ramsey) དང་། ཨེན་ཌི་རི་ཡུ་ལེ་མིང་(Andrew Laming)།  ཧྥི་ལིབ་ཐོམ་སོན་ (Phillip Thompson)།  ཇེམ་སི་པེ་ཊེར་སོན་ (James Paterson) སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཐུད་འཕྲད་གནང་ཡོད་འདུག་པ་དང་། དེ་རིང་ཐུག་མ་ཐུབ་པ་རྣམས་ལ་སང་ཉིན་ཐུག་འཆར་ཡོད་འདུག

དེ་ཡང་ཨོ་གླིང་བོད་དོན་ལྷན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་འདི་གའི་གསར་འགོད་པར། ཨོ་གླིང་ནང་རྒྱ་ནག་དང་ཨོ་གླིང་བར་གྱི་འབྲེལ་ལམ་སྐོར་ནས་བགྲོ་གླེང་ཤུགས་ཆེར་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་བོད་དོན་ཞུ་འབོད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད་པ་དང་། སྔར་དང་མི་འདྲ་བར་འདི་ལོའི་ང་ཚོའི་ཞུ་འབོད་ཀྱི་རིམ་པ་དེ་མཐོ་རུ་ཕྱིན་ཡོད། དེ་སྔ་ཡིན་ན་ང་ཚོས་བོད་དོན་ཐད་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་ཡི་ཡོད་ཀྱང་། ད་ལན་ང་ཚོས་བོད་དོན་སྐོར་གྱི་ཁྲིམས་འཆར་ཞིག་འདོན་དགོས་པའི་རེ་འབོད་བྱེད་ཀྱི་ཡོད་པ་རེད། ཅེས་དང་། གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་འཕྲད་གནང་སྐབས་བརྡ་ལན་ག་རེ་སྤྲོད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་ཚང་མས་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག་ཀྱང་། གྲོས་ཚོགས་ནང་འདི་ལྟ་བུ་ཞིག་སྔར་བཏོན་མྱོང་མེད་སྟབས། ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་ཐབས་མི་འདུག ཅེས་གསུངས་བྱུང་།

བོད་དོན་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་། ཨོ་གླིང་ནང་རྒྱ་ནག་གཞུང་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྐྱེན་གྱིས། རྒྱ་ནག་གཞུང་གི་འཐུས་ཚབ་དང་གསར་འགོད་པ་རྣམས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དང་བོད་དོན་སྐོར་ལ་སྣང་ཚུལ་མི་འདྲ་བ་ཞིག་སྐྲུན་བཞིན་ཡོད་སྟབས། ང་ཚོའི་སྐུ་ཚབ་རྣམས་ཀྱིས་ཁོང་ཚོར་དངོས་ཡོད་བོད་གྱི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུའི་གོ་སྐབས་བཟང་པོ་ཞིག་སྦྱིན་ཐུབ། ཅེས་དང་། བོད་ནང་གི་བོད་མི་རྣམས་ལ་མཚོན་ན། ཁོང་ཚོའི་ཕ་ས་དེ་བཙོན་ཁང་ཞིག་ཏུ་གྱུར་ཡོད། ཁོང་ཚོ་རང་གི་རྒྱལ་ཁབ་ནས་ཕྱིར་ཐོན་ཐུབ་ཀྱི་མེད། བོད་དེ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་ཕྱི་མི་ལ་སྒོ་བརྒྱབས་ནས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙོན་ཁང་འདིའི་ནང་ག་རེ་འབྱུང་བཞིན་པ་ཤེས་ཀྱི་མེད། རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པ་རེ་ཟུང་ཡང་ལྟ་རྟོག་ནན་པོའི་འོག་ནས་འགྲོ་དགོས་ཀྱི་ཡོད། བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་དེས་ཨོ་གླིང་གི་འཐུས་ཚབ་དང་། གསར་འགོད་པ་རྣམས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དངོས་ར་འཕྲོད་ཐུབ། ཅེས་དང་། ད་ལྟ་ལས་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡོང་མི་སྲིད། ད་ལྟའི་དུས་སྐབས་འདིར་ཧོང་ཀོང་བ་རྣམས་ཀྱིས་གཞུང་ལ་ཕར་རྒོལ་བྱེད་བཞིན་པ་དང་། ཡུ་གུར་བ་ས་ཡ་གཅིག་ལྷག་བཙོན་འཇུག བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པ་མ་ཟད། ཨོ་གླིང་གི་སྒྲིག་འཛུགས་ཁག་ལ་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་ཆབ་སྲིད་པ་མང་པོས་གནད་དོན་དེ་དག་གི་སྐོར་ལ་གླེང་སློང་བྱེད་འགོ་བཙུགས་ཡོད། ཁོ་ཚོས་རྒྱ་ནག་དེ་ཨོ་གླིང་ལྟ་བུའི་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ལ་ཉེན་ཁ་ཡོད་པ་ཤེས་ཀྱི་ཡོད། ཅེས་བཀོད་འདུགའདི་གའི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བོད་དོན་ཞུ་འབོད་ལས་འགུལ་ཆེད། ཨོ་གླིང་བོད་དོན་ལྷན་ཁང་གིས་སིམ་འཛུལ་(Silent Invasion) ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཁ་ལའེ་ཝི་ཧེ་མིལ་ཊོན་ (Clive Hamilton) གདན་ཞུ་གནང་སྟེ།  བོད་མིའི་ཞུ་འབོད་སྐུ་ཚབ་རྣམས་ལ་ཉིན་གཉིས་རིང་ཞུ་འབོད་ལས་འགུལ་སྐོར་གྱི་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་གནང་ཡོད་འདུག

བོད་དོན་ཞུ་འབོད་སྐུ་ཚབ་གྲས་ཀྱི་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འདི་གའི་གསར་འགོད་པར། ང་ཚོ་བོད་དོན་ཞུ་འབོད་ཀྱི་ཚོགས་ཆུང་ནང་མི་ ༡༦ ཡོད་པ་དེ་རུ་ཁག་ ༤ ལ་ཆ་བགོས་ཀྱིས། ངའི་རུ་ཁག་གིས་དེ་རིང་གྲོས་ཚོགས་འཐུས་མི་ ༡༠ ལྷག་ལ་ཐུག་འཕྲད་བྱས་ཐུབ་སོང་། ངོ་མ་ཡིན་མིན་མ་ཤེས་ཀྱང་། ཞུ་འབོད་བྱེད་སའི་གྲོས་ཚོགས་འཐུས་མི་འགའ་ཤས་ཀྱིས་བོད་དོན་སྐོར་གང་ཡང་ཤེས་ཀྱི་མི་འདུག་པས། ང་ཚོས་ཕྱི་ལོ་ ༡༩༥༩ རྗེས་ཀྱི་ལོ་རྒྱུས་སོགས་འགྲེལ་བརྗོད་བྱེད་དགོས་བྱུང་སོང་། གྲོས་ཚོགས་འཐུས་མི་རྙིང་པ་འགའ་ཤས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཡོད་འདུག་ལ། བོད་མིའི་སྒྲིག་འཛུགས་སྐོར་ལ་ཤེས་ཀྱི་འདུག ཁོང་ཚོས་རྒྱབ་སྐྱོར་ཡོད་གསུང་གི་འདུག་ཀྱང་། རྒྱ་ནག་གི་གནོན་ཤུགས་ཆེན་པོ་ཡོད་སྟབས། རྒྱ་ནག་ལ་གཅིག་བྱས་པ་ཡིན་ན་ཚུར་ཉེན་ཁ་ཡོད་སྐོར་གསལ་པོ་གསལ་རྐྱང་བཤད་ཀྱི་འདུག ཡང་རེ་ཟུང་གིས་བོད་པ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ལ། རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། ཞེས་དང་། ང་ཚོས་རྒྱ་ནག་གཞུང་གིས་ག་རེ་བཤད་པ་ཡིན་ན་ཡང་དམར་ཤོག་ཚོགས་པ་མ་གཏོགས་མང་ཚོགས་ཀྱི་ཚབ་བྱེད་ཐུབ་ཀྱི་མེད་པ་དང་། གལ་ཏེ་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་དེ་གཏན་འབེབ་བྱུང་ཚེ། ཨོ་གླིང་ནང་གི་བོད་མི་རྣམས་དང་ལྷག་པར་དུ་མགོ་འཁྲིད་རྣམས་བོད་ནང་བསྐྱོད་རྒྱུར་ལས་སླ་པོ་ཆགས་ཀྱི་ཡོད་སྐོར་སོགས་ཞུས་པ་ཡིན། ཞེས་བརྗོད་བྱུང་།འདས་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་བོད་རིགས་ཚོགས་པ་ཁག་གིས་ལས་འགུལ་རིམ་པར་སྤེལ་བར་བརྟེན། ཨ་རིའི་གྲོས་ཚོགས་གྲོས་ཚོགས་གོང་འོག་གྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་དེ་མང་མོས་གཏན་འབེབ་དང་། སྲིད་འཛིན་ཊོན་ཕུས་མཚན་རྟགས་བཀོད་དེ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཡོད་པ་དང་། དེར་མཐུན་དབྱིན་ཇི་དང་ཁ་ན་ཌའི་གྲོས་ཚོགས་ནང་དུ་ཡང་ཁྲིམས་འཆར་དེའི་སྐོར་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་རེད། ཁྲིམས་ཡིག་དེའི་དགོངས་དོན་གཙོ་བོ་ནི་རྒྱ་ནག་གི་མི་སེར་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་པ་བཞིན། ཕྱི་རྒྱལ་གྱི་ཡུལ་གྲུ་སོ་སོའི་མི་སེར་དང་འཐུས་ཚབ། གསར་འགོད་པ་རྣམས་ཀྱང་བོད་ནང་འགྲོ་བསྐྱོད་ཆོག་པ་གཅིག་མཚུངས་བཟོ་དགོས་པ་དང། གལ་ཏེ་ཁྲིམས་ཡིག་དེ་གཏན་འབེབ་ཟིན་རྗེས་རྒྱ་ནག་གིས་ཕྱིའི་ཡུལ་གྲུ་སོ་སོའི་མི་སེར་རྣམས་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱས་ཚེ། རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་དང་མགོ་འཁྲིད་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་སོགས་བཀོད་ཡོད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༠

Leave a Reply