བོད་དོན་ཐོག་རོགས་རམ་ཞུ་རྒྱུ་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ནས་སྲིད་སྐྱོང་སྣེ་ལེན་ཞུས་པ་དེས་༧གོང་ས་མཆོག་གི་དམངས་གཙོའི་ཐུགས་རེ་དང་དབུ་འཁྲིད་གནང་བར་བརྡ་ལན་ཞིག་གནང་གི་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༩ ཉིན།  ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་མཉམ་འབྲེལ་ཚོགས་ཆུང་ (House Democratic Partnership)ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཌཱ་ཝེ་ཌི་ཕ་རེ་སི་ (David Price)ལགས་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་གི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཨ་རིའི་དམངས་གཙོ་ལྟེ་གནས་ཀྱི་ལས་བྱེད། དེ་བཞིན་ཨ་རིའི་རོགས་ཚོགས་ (USAID) གཙོ་བོར་གྱུར་བའི་རོགས་ཚོགས་གཞན་ཁག་ཅིག་གི་ཚོགས་མི་སོགས་མི་གྲངས་ ༢༠ ལྷག་འཛོམས་ཡོད་འདུགསྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་གཞུང་ནས་བོད་མིར་རོགས་རམ་གནང་བཞིན་པ་དེས་བོད་ནང་གི་བོད་མི་དང་རྒྱ་ནག་གཞུང་ལ་དམངས་གཙོ་ནི་ཡོངས་ཁྱབ་ཀྱི་ཁེ་དབང་ཡིན་པ་དང་འགྲན་ཟླ་བྲལ་བ་ཞིག་ཡིན་པའི་བརྡ་ལན་གནང་གི་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེ་དང་སྙིང་རྗེ་ཡི་མཚོན་དོན་དང་འཚེ་མེད་ཞི་བའི་འཐབ་རྩོད་པ་ཞིག་ལ་ངོས་འཛིན་ཙམ་དུ་མ་ཟད། མི་ལོ་ ༦༠ རིང་དམངས་གཙོའི་ཐོག་ལ་སྐུ་ལས་བསྐྱོན་ཡོད་པས་ཨ་རིའི་གྲོས་ཚོགས་ཀྱིས་སྲིད་སྐྱོང་སྣེ་ལེན་ཞུས་པ་དེས་༧གོང་ས་མཆོག་གི་དམངས་གཙོའི་ཐུགས་རེ་དང་དབུ་འཁྲིད་གནང་བར་བརྡ་ལན་ཞིག་གནང་གི་ཡོད་པ།  རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་དང་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ལ་འགྲེལ་བཤད་གསར་པ་རྒྱག་གི་ཡོད་པ་ལའང་བརྡ་ལན་གསལ་པོ་ཞིག་གནང་ཡོད་སྐོར་སོགས་གསུངས་ཏེ། གྲོས་ཚོགས་འཐུས་མི་རྣམ་པས་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ཡང་སྲིད་སྐྱོང་མཆོག་གིས། ཕྱི་ཟླ་ ༨ པའི་ནང་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་འཐུས་མི་དྲུག་གི་དབུས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་འབྱོར་གྱིས་གཟིགས་སྐོར་གནང་ཡོད་པས། དེ་སྔོན་དྷ་སར་ཕེབས་མ་ཐུབ་པའི་གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱང་ཕེབས་ཐུབ་པའི་རེ་བ་ཡོད་སྐོར་དང་། སྐབས་དེར་༧གོང་ས་མཆོག་ནས་སྐུ་ཚབ་རྣམས་དང་ལྷན་ལྗགས་སྨིན་རིང་ཤོས་དེ་མཆོད་ཡོད་པ་སོགས་ནི་དྷ་སར་ངེས་པར་ཕེབས་དགོས་པའི་རྒྱུ་མཚན་ཁག་ཅིག་ཡིན་པ་དང་། དེ་བཞིན་བོད་མི་ཚོའི་རེ་བ་བཅོལ་ས་གཙོ་བོ་གཅིག་ནི་ཨ་རིའི་གཞུང་ཡིན་སྐོར་སོགས་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi)མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིར་ཕེབས་པར་འཚམས་འདྲི་དང་འབྲེལ། དེ་སྔ་ ༡༩༨༠ ནང་ལྕམ་སྐུ་མཆོག་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཉིས་བར་མཇལ་མོལ་དང་པོ་བྱུང་བ་ནས་བཟུང་། བོད་ཀྱི་གནད་དོན་ཐོག་གང་ནུས་ཀྱིས་རོགས་རམ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙོས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དང་ཧོང་ཀོང་སོགས་ཀྱི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་ཨ་རིའི་གཞུང་ནས་མུ་མཐུད་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་ཐོག་ཐེར་འདོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern) ལགས་དང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི(Congressional-Executive Commission on China)འགན་འཛིན་ཇོན་སི་ཊི་ཝིར་སི་(Jon Stivers)ལགས་སུ་མཇལ་འཕྲད་གནང་སྟེ། ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་(Tibet Policy Act)གསར་པ་ཞིག་གི་ཐོག་བཀའ་མོལ་གནང་ཡོད་པ་དང་། མི་འགྱངས་བར་དེ་གྲོས་ཚོགས་ནང་འདོན་འཆར་ཡོད་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༠

Leave a Reply

3 thoughts on “བོད་དོན་ཐོག་རོགས་རམ་ཞུ་རྒྱུ་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

  1. ༧གོང་ས་༧མཆོག་གི་ཞལ་ལ་གཟིགས་ནས་ང་ཚོ་ལ་འདི་འདྲའི་མཐོང་ཆེན་གྱི་འདུག
    ཕྱོགས་གཞན་ཞིག་ནས་ཨ་རྒྱ་གཉིས་མཐུན་གྱི་མེད་ཙང་ང་ཚོར་འདི་འདྲའི་སྣེ་ལེན་བྱེད་ཀྱི་འདུག དེ་མིན་ཨ་རི་འདི་རང་དོན་བློའི་བཏང་ཐུབ་མཁན་ཞིག་ད་མིན་གོ

  2. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རི་གཞུང་དང་མི་མང་ནས་བོད་དོན་ཐོག་ཐུགས་འགན་དང་བོད་མི་བཙན་བྱོལ་བ་ཚོར་དཔལ་
    འབྱོར་གྱིས་རོགས་དངུལ་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་བོད་ཡུལ་བོད་མིར་
    བདག་ཐོབ་ཡོང་བའི་ཆེད་ཨ་རི་གཞུང་དང་མི་མང་ནས་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་འཐོན་པའི་
    དོན་དངོས་ལག་ལེན་གྱིས་རྒྱབ་སྐྱོར་དུས་ཐོག་གནང་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ཐུགས་རྗེ་
    ཆེ་བཀྲིན་ཆེ།