ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་གནས་དབྱུང་བཏང་ཡོད་སྐོར་བསྒྲགས།

སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱལ་སྲུང་སློབ་སྟོན་པ་ཇོན་བྷོལ་ཊོན་ (John Bolton) ལགས་ལས་གནས་ནས་གནས་དབྱུང་བཏང་ཡོད་སྐོར་གྱི་གསལ་བསྒྲགས་གནང་ཡོད་ཀྱང་། ཇོན་བྷོལ་ཊོན་ཁོང་རང་གིས་རྩ་དགོངས་ཞུས་པ་ལས་གནས་དབྱུང་བཏང་བ་ཞིག་མིན་སྐོར་བརྗོད་འདུགཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྐུ་སྒེར་གྱི་ཊི་ཝེ་ཊིར་སྤྱི་ཚོགས་དྲ་ལམ་དུ། ཁ་སང་དགོང་མོར་ངས་ཇོན་བྷོལ་ཊོན་ལ་ད་ནས་བཟུང་ཕོ་བྲང་དཀར་པོའི་ནང་ཁྱེད་ཀྱི་སྲི་ཞུ་དགོས་གལ་མི་འདུག་ཅེས་བརྡ་ལན་སྤྲད་ཡིན། ང་གཙོས་པའི་འཛིན་སྐྱོང་ནང་གི་སྲི་ཞུ་བ་མང་པོས་ཁོང་གི་བསམ་ཚུལ་ལ་ཤུགས་ཆེན་པོས་དགག་བྱ་འདོན་གྱི་ཡོད་པ་རེད། ཅེས་གསུངས་འདུག་པ་མ་ཟད། ཆུ་ཚོད་འགའི་རྗེས་ཡང་བསྐྱར་ཊི་ཝེ་ཊིར་དུ། ངས་ཇོན་ལ་རྩ་དགོངས་སྙན་ཞུ་འབུལ་དགོས་སྐོར་བརྗོད་པ་ལྟར་དེ་རིང་ཞོགས་པར་འབྱོར་བྱུང་། ངས་ཇོན་ལ་སྲི་ཞུ་བསྒྲུབས་པར་བཀའ་དྲིན་ཆེ་ཞུ་ཡི་ཡོད། ངས་བདུན་ཕྲག་རྗེས་མའི་ནང་རྒྱལ་སྲུང་སློབ་སྟོན་པ་གསར་པ་ཞིག་མིང་འདོན་བྱ་རྒྱུ་ཡིན། ཅེས་གསུངས་འདུག

ཡིན་ན་ཡང་། ཊོམ་ཕུ་མཆོག་གིས་གསལ་བསྒྲགས་གནང་སྟེ་དུས་ཡུན་རིང་པོ་མ་འགོར་བར། ཇོན་བྷོལ་ཊོན་གྱིས་རང་གི་ཊི་ཝེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང་། ཁ་སང་དགོང་མོར་ངས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་སྙན་གསེང་ཞུ་སྐབས་སྲིད་འཛིན་ཊོམ་ཕུ་ཡིས་དེའི་སྐོར་སང་ཉིད་སྐད་ཆ་བཤད་འོང་ལབ་བྱུང་། ཞེས་བཀོད་འདུག་པ་མ་ཟད། ཝ་ཤིན་ཊོན་ཆ་འཕྲིན་ལ། ངས་དུས་ཚོད་འོས་འཚམ་ནང་གསལ་བཤད་བྱ་རྒྱུ་ཡིན། ངས་སེམས་ཁྲལ་བྱེད་ས་གཙོ་བོ་དེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་རེད། ཅེས་བརྗོད་ཡོད་འདུག

བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཨེན་ཏོ་ནི་ཛུ་ཁར(Anthony Zurcher)གྱིས་དཔྱད་བརྗོད་ཅིག་སྤེལ་བའི་ནང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་དུས་རྒྱུན་དུ་ཨི་རག་གི་དམག་འཁྲུག་དེ་ཨ་རིའི་དོན་མེད་ཀྱི་ནོར་འཛོལ་ཡིན་སྐོར་རྗོད་ཀྱི་ཡོད་ཀྱང་། ཇོན་བྷོལ་ཊོན་ནི་ཨི་རག་གི་དམག་འཁྲུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་མ་ཟད། དེ་སྔོན་ཊོམ་ཕུ་མཆོག་དང་ཀེམ་ཇོང་ཨན་གྱི་ཐུག་འཕྲད་སྐབས་སུ་ཡང་ཁོ་རང་བཅར་མེད་པ་དང་། བདུན་ཕྲག་སྔོན་མར་ཊོམ་ཕུ་མཆོག་དང་ཏ་ལི་བྷན་བར་ལ་ཐུག་འཕྲད་བྱ་རྒྱུར་དགག་བྱ་བཏོན་ཡོད་སྐོར་བརྗོད་འདུག གཞན་ཡང་འདས་ལོའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཇོན་བྷོལ་ཊོན་ལ་ཨ་རིའི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པའི་ལས་འགན་འབུལ་སྐབས། དབྱེ་ཞིབ་པ་མང་པོས་ཁོང་གཉིས་བར་གནད་དོན་མང་པོ་ཞིག་གི་ཐད་ནས་མི་མཐུན་པ་ཡོད་སྟབས། ཁོང་སློབ་སྟོན་པར་བསྐོ་རྒྱུ་དེ་འོས་འཚམ་ཞིག་མིན་སྐོར་བརྗོད་ཡོད་འདུག

ཉེ་ཆར་ནས་བརྒྱུད་ལམ་ཁག་ཏུ་ཕྱི་འབྲེལ་གྱི་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཇོན་བྷོལ་ཊོན་ལགས་དང་སྲིད་འཛིན་བར་བྱང་ཀོ་རི་ཡ་དང་། ཨི་རན་སོགས་ཀྱི་གནད་དོན་ཐད་བསམ་ཚུལ་མི་མཐུན་པ་དང་འགལ་ཟླ་ཆེན་པོ་ཡོང་གི་ཡོད་པ་མ་ཟད། ཨ་རིས་བྱང་ཀོ་རི་ཡ་དང་། ཨུ་རུ་སུ། ཨབ་གྷན་བཅས་ཀྱི་ཐོག་ལ་སྲིད་བྱུས་མཁྲེགས་པོ་འཛིན་དགོས་པའི་བསམ་ཚུལ་དྲག་པོ་བཏོན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་(Mike Pompeo) ལགས་དང་ཇོན་བྷོལ་ཊོན་བར་མི་མངོན་པའི་དབང་ཆའི་འཁྲུག་རྩོད་ཅིག་ཀྱང་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

ད་བར་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་འོག་ཨ་རིའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་རྩ་དགོངས་ཞུས་པ་དང་། སྲིད་འཛིན་གྱིས་གནས་དབྱུང་བཏང་ཡོད་པའི་ཁྲོད་ནས། དེ་སྔོན་གྱི་རྒྱལ་སྲུང་སློབ་སྟོན་པ་མེ་ཁལ་ཧྥི་ལིན་(Michael Flynn)ལགས་དང་མེག་མ་སི་ཊར་ (H.R. McMaster)ལགས་གཉིས་གཙོས་པའི་རྒྱལ་སྲིང་དྲུང་ཆེ་རེག་སི་ཊི་ལར་སོན་(Rex Tellerson)ལགས་དང་། རྒྱལ་སྲུང་དྲུང་ཆེ་ཇེམ་སི་མེ་ཊི་སི་(James Mattis)ལགས་བཅས་ཀྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གླེང་རྙོག་ཆེན་པོ་བསྐྲུན་ཡོད་པ་རེད། ད་ལན་གནས་དབྱུང་ངམ་རྩ་དགོངས་ཞུས་པའི་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇོན་བྷོལ་ཊོན་ལགས་ནི་དམག་འཁྲུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་དང་། ཕྱི་ལོ་ ༢༠༠༥ ཟླ་ ༨ པ་ནས་ཕྱི་ལོ་ ༢༠༠༦ ཟླ་ ༡༢ བར་ཨ་རིའི་སྲིད་འཛིན་ཇོར་ཇོ་བྷུ་ཤི་མཆོག་གི་འཛིན་སྐྱོང་འོག་ནས་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཏུ་བསྐོ་གཞག་གནང་ཡོད་ཀྱང་། ཕྱིས་སུ་གྲོས་ཚོགས་གོང་མའི་ངོས་འཛིན་ཐོབ་མིན་ལ་གཞིགས་ཏེ་རང་འགུལ་གྱིས་རྩ་དགོངས་ཞུས་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༠༡ ནས་ ༢༠༠༥ བར་ཨ་རིའི་གོ་མཚོན་དོ་དམ་དང་། རྒྱལ་སྤྱིའི་བདེ་འཇགས་ལས་དོན་གྱི་དྲུང་ཆེ་གཞོན་པ་སོགས་ཨ་རིའི་མཐོ་རིམ་གོ་གནས་མི་ཉུང་བ་ཞིག་འཛིན་མྱོང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༡

Leave a Reply