ཕྱིར་དྲན་གྱི་བཀོད་པ་བསྐྱར་སྐྲུན་དང་བྱུང་རབས་རྒྱས་བཤད།

གངས་ཅན་སྐྱིད་གཤོངས་ཀྱི་བོད་ཐོག་ཁང་ཆེན་མོའི་ནང་འདི་ལོའི་ཨེ་ཤ་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངའ་ཁུལ་ཚོགས་འདུ་ཉིན་གྲངས་གསུམ་རིང་འཚོགས་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཐོག་ཁང་ཆེན་མོའི་ནང་། རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་ཚོགས་པ་དང་བོད་ཀྱི་འགྲེམས་སྟོན་ཁང་ཐུན་མོང་གི་གོ་སྒྲིག་འོག ཕྱིར་དྲན་གྱི་བཀོད་པ་བསྐྱར་སྐྲུན་དང་། དངོས་རྫས་རག་པ། བྱུང་རབས་རྒྱས་བཤད། མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུལ་བཞག་ཅེས་པའི་བརྗོད་གཞིའི་ཐོག་ཕྱི་ལོ་ ༢༠༡༩ ལོའི་ཨེ་ཤ་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངའ་ཁུལ་ཚོགས་འདུ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་རྣམ་དཔྱོད་ཀྱི་ལྟེ་གནས་ཁང་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་མངའ་ཁུལ་འགན་འཛིན་སིལ་ཝེ་ཧྥར་ན྄ན་ཛི(Silvia Fernandez)ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ཕེབས་འདུག་ལ། གོ་སྒྲིག་པས་ཐེངས་འདིའི་ཚོགས་འདུའི་ཐོག་རྒྱལ་ཁབ་བདུན་ནས་ཚོགས་བཅར་བ་ ༡༢ ཕེབས་ཡོད་སྐོར་གསུངས་སོང་།

མཛད་སྒོའི་ཐོག་མར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་བོད་ཀྱི་འགྲེམས་སྟོན་ཁང་ངོ་སྤྲོད་གནང་དོན། བོད་ཀྱི་འགྲེམས་སྟོན་དེ་ཕྱི་ལོ་ ༡༩༩༨ ལོ་ནས་བོད་དོན་དང་འབྲེལ་བའི་ལོ་རྒྱུས་དང་རིག་གཞུང་། ཉམས་ཞིབ་ཡིག་ཚགས་རིགས་གསོག་ཉར་ཆེད་མགོ་འཛུགས་གནང་སྟེ། ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༤ ཚེས་ ༡༣ ཉིན་དངོས་སུ་འགྲེམས་སྟོན་སྒོ་འབྱེད་གནང་ཡོད་པ་དང་། འགྲེམས་སྟོན་ཁང་དེ་རིག་གནས་དང་ལོ་རྒྱུས་གནའ་ཤུལ་སོགས་ཉར་ཚགས་བྱེད་སར་དགོས་གལ་ཆེན་པོ་ཡིན་པ་མཐོང་སྟེ། ཕྱི་ལོ་ ༢༠༡༧ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་རྒྱག་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོའི་ལོ་མགོར་སྒོ་འབྱེད་གནང་འཆར་ཡོད་པ་དང་། འགྲེམས་སྟོན་ཁང་དེས་གོ་ལ་རྒྱ་ཁྱབ་ཀྱི་མི་སྡེར་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། ད་ལྟའི་དངོས་ཡོད་གནས་སྟངས། ཡུལ་གྱར་བོད་ཀྱི་གནས་ཚུལ་སོགས་ངོ་སྤྲོད་བྱེད་རྒྱུའི་དམིགས་ཡུལ་ཡོད་སྐོར་བརྗོད་སོང་།

དེའི་རྗེས་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་མངའ་ཁུལ་འགན་འཛིན་ལགས་ཀྱིས། བོད་ཀྱི་འགྲེམས་སྟོན་ཁང་གིས་འབད་བརྩོན་འོག་དེ་རིང་ང་ཚོ་འདིར་འཛོམས་ཐུབ་པ་བྱུང་བ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བ་དེར་དགའ་བོ་བྱུང་སྐོར་གསུངས་བ་དང་འབྲེལ། རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་ཚོགས་པ་ནི་འཛམ་གླིང་ཡོངས་ཀྱི་འགྲེམས་སྟོན་ཁང་དག་མཉམ་འབྲེལ་བྱེད་སའི་འབྲེལ་ལམ་གཅིག་པུ་དེ་ཡིན་པ་དང་། ཚོགས་པ་དེ་ཕྱི་ལོ་ ༡༩༩༩ ལོར་ཚོགས་མི་ ༩ གསར་འཛུགས་ཀྱིས་ད་ལྟའི་ཆར་རྒྱལ་ཁབ་ ༡༦ ལྷག་གི་ནང་ཚོགས་མི་  ༢༥༠ ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་དང་ཤུལ་བཞག་རིག་གནས་ཁག་ཉར་ཚགས་དང་། འདས་མ་འོངས་ད་ལྟ་གསུམ་གྱི་ལོ་རྒྱུས་ཕྱིར་དྲན་དང་། འབྲེལ་ལམ་མཐུད་སྦྲེལ། སྦྱོང་བརྡར། ཁྲིམས་དོན་དང་ཁྲིམས་རྩོད་ཞུ་གཏུག་གི་མཐུན་རྐྱེན་སྦྱར་བ་བརྒྱུད་དེ་ནུས་སྟོབས་གོང་སྤེལ་གཏོང་ཐབས་དང་། ཨེ་ཤ་ཡའི་མངའ་ཁུལ་གྱི་ལྟེ་གནས་ཕན་ཚུན་དབར་གྱི་འབྲེལ་ལམ་ལ་བརྟེན་ནས།  ཞི་དྲག་གི་བྱུང་བ་གཉིས་ཀར་དྲན་གསོ་དང་འབྲེལ།   མི་རིགས་སྣ་ཚོགས་དང་ཆོས་ལུགས་རྣམས་མཛའ་མཐུན་དང་དམངས་གཙོ་གོང་སྤེལ་གཏོང་ཐབས།   དེ་བཞིན་ཨེ་ཤ་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁང་ཁག་གིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་རྒྱལ་མཚམས་མེད་པའི་གྲོས་སྡུར་གཉེར་བ་ལ་བརྟེན་ནས།   རིན་ཐང་འདི་དག་གོང་དུ་སྤེལ་རྒྱུའི་ལས་འགུལ་ནང་གཞོན་སྐྱེས་རྣམས་དངོས་སུ་ཞུགས་རྒྱུའི་བློ་སྟོབས་སྤེལ་བའི་ཆེད་སོགས་ཡིན་སྐོར་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ལགས་ཀྱིས་གསུང་བཤད་གནང་སྐབས། ཕྱི་ལོ་ ༡༩༩༥ ལོ་ནས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་བོད་དོན་འཐབ་རྩོད་དེ་གསོན་གནས་ཐུབ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ངོ་བོ་སོགས་ལ་འཁྱོག་བཤད་དང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་རང་གི་རིག་གཞུང་དང་ལོ་རྒྱུས་ཉར་ཚགས་ཐུབ་ཡོད་པ་མ་ཟད། བོད་ཀྱི་མ་འོངས་པའི་སོན་རྩ་ན་གཞོན་ཚོར་ཤེས་ཡོན་སྤྲོད་པའི་གོ་སྐབས་བྱུང་བ་དང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་བོད་མི་འདུས་སྡོད་ཀྱི་གཞིས་ཆགས་ཁག་ ༥༠ ལྷག་འཛུགས་ཐུབ་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔར་ནས་ད་བར་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་སྟེང་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་ལྟར།བློ་ཕམ་པ་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་དྲིལ་བསྒྲགས་ལ་ཡིད་ཆེས་ཏེ་བོད་ཀྱི་རང་དབང་ཤོར་སོང་བ་དང་། འདས་པའི་ནོར་འཁྲུལ་དག་ངོས་ཟིན་པའི་ཐོག་ནས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་གནསཚུལ་ཁག་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་སྐད་དང་དབྱིན་སྐད། ཧིན་སྐད། རྒྱ་སྐད་གཙོ་བོར་གྱུར་བའི་སྐད་རིགས་བཞིའི་ཐོག་ནས་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། དེ་དག་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་ག་རེ་བྱུང་གི་ཡོད་པ་སོགས་ཁྱབ་སྤེལ་གཏོང་བཞིན་ཡོད་སྐོར་ད་ང།  དེ་བཞིན་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་མངའ་ཁུལ་ཚོགས་འདུའི་དམིགས་ཡུལ་སོགས་ཧ་ཅང་ཡག་པོ་ཡོད་པས། ང་ཚོ་འདིར་འཛོམས་ནས་གནས་ཚུལ་སྤེལ་རེས་དང་རྒྱུས་ལོན་བྱས་ཏེ་མི་སེར་སྤེལ་བའི་རིང་ལུགས་ལ་འཐབ་རྩོད་བྱེད་དགོས་སྐོར་སོགས་གསུངས་སོང་།

མཇུག་ཏུ་དཔལ་འབྱོར་བཀའ་བློན་མཆོག་ནས་བོད་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤ་ཡའི་ཆུ་མཛོད་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་དེ་འཚེ་བ་མེད་པའི་གནའ་བོའི་རྒྱ་གར་གྱི་རིག་གནས་ཡིན་པས། བོད་དོན་ལ་རྒྱབ་སྐྱོར་དང་བོད་དོན་ཁྱབ་སྤེལ་ནི་བོད་པ་གཅིག་པུ་ཙམ་ཞིག་གི་ཆེད་དུ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་བདེ་དོན་ཆེད་དུ་ཡིན་སྐོར་དང་། གཞན་འགྲེམས་སྟོན་ཁང་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་འགྲེམས་སྟོན་བརྒྱུད་ནས་མི་རིགས་གཞན་པར་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ངོ་བོ་སོགས་ངོ་སྤྲོད་བྱེད་ཐུབ་བཞིན་ཡོད་ཀྱང་། དེ་ལས་ཀྱང་བོད་པ་རང་གི་མི་རབས་མང་པོ་ཞིག་གིས་བོད་ནང་མཐོང་མྱོང་མེད་པས། བོད་པ་རང་གི་ན་གཞོན་ཚོར་བོད་དོན་སྐོར་ལ་ཤེས་ཡོན་སྤེལ་ཐུབ་བཞིན་ཡོད་པས་བོད་ཀྱི་འགྲེམས་སྟོན་ཁང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཚོགས་འདུ་འདིའི་སྟེང་ཆབ་སྲིད་སོགས་ཀྱི་གནད་དོན་ཐད་སྐད་ཆ་གང་ཡང་བཤད་མི་ཐུབ་པ་བྱུང་བ་སོགས་གང་ཞིག་ཡིན་ཡང་། ཚོགས་འདུ་འདི་བརྒྱུད་ནས་ཕན་ཚུན་འབྲེལ་འདྲེས་དང་གནས་ཚུལ་སྤེལ་རེས་སོགས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།

ཨེ་ཤ་ཡའི་མངའ་ཁུལ་གྱི་རྣམ་དཔྱོད་ལྟེ་གནས་ཁག་གི་ཚོགས་འདུ་ཞེས་པ་དེ་ལོ་རེ་བཞིན་ཐེངས་གཅིག་རེར་ཚོགས་བཞིན་ཡོད་པ་དང་།  འདི་ལོའི་ཚོགས་འདུའི་སྟེང་མངའ་ཁུལ་ཕན་ཚུན་བར་རོགས་རེས་ཡར་རྒྱས་ཡོང་བར་རམ་འདེགས་ཆེད། ང་ཚོའི་མཉམ་སྤྱོད་ཀྱི་འགྲུལ་བཞུད། ཅེས་པའི་མངའ་ཁུལ་མཉམ་ལས་ཀྱི་ཕུགས་བསམ་ལས་འཆར་ཞིག་ཀྱང་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་།  ལས་འཆར་དེའི་དམིགས་ཡུལ་ནི་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནད་དོན་རྒྱས་བཤད་བྱ་རྒྱུ་མིན་པར། ལྟེ་གནས་བྱེ་བྲག་པའི་འདས་པའི་དྲན་ལམ་འབུར་བཏོན་བྱ་རྒྱུ་དང་།  མཉམ་སྤྱོད་ཀྱི་ལོ་རྒྱུས་ལ་ཐུན་མོང་གི་གོ་བ་ལེན་ཐབས་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཇི་ལྟར་མངའ་ཁུལ་དེ་དང་དེར་མི་སེར་སྤེལ་ཡུལ་རིང་ལུགས་མངོན་གྱུར་བྱུང་བ་དང་། མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་ཁག་གིས་ད་ལྟའང་ས་གནས་ཀྱི་ལོ་རྒྱུས་རྣམས་ལ་ཤུགས་རྐྱེན་ཐེབས་ཚུལ་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་འདུག་ལ། ཚོགས་འདུའི་སྟེང་མངའ་ཁུལ་ཚོགས་འདུ་འདིར་མི་སེར་སྤེལ་ཡུལ་གྱི་ཤུལ་འཛིན་དང་མི་རིགས་ནང་ཁུལ་དབྱེ་འབྱེད།   རིགས་རུས་ལ་བརྟེན་པའི་དྲག་སྤྱོད་ཀྱི་རིགས་བྱུང་རྐྱེན་ངོས་འཛིན་དང་། གནས་ཚུལ་སྤེལ་རེས། བསླབ་བྱ་བརྗེ་རེས་བརྒྱུད་དེ། སྐྱོན་ཆ་དེ་དག་ལ་གདོང་ལེན་བྱེད་ཐབས་ལེགས་ཤོས་ཇི་ཡིན་སོགས་ལ་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༡༡

Leave a Reply