རྒྱ་དཀར་ནག་གི་དམག་མིས་བསྐྱར་དུ་གདོང་ཐུག་བརྒྱབས།

ཁ་སང་སྔ་དྲོར་ལ་དྭགས་ཀྱི་སྤང་གོང་མཚོའི་ཁུལ་ནས་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ཁ་རྩོད་ལག་འཛིང་ཅུང་ཙམ་ཤོར་ཡོད་ཀྱང་གནས་སྐབས་ཞི་འགྲིག་ཡོང་ཡོད་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་སྔ་མོ་ཉི་མ་ཤར་ཚར་རྗེས་ཙམ་ལ་རྒྱ་གར་གྱི་དམག་མི་ལ་དྭགས་ཀྱི་སྤང་གོང་མཚོའི་ཁུལ་དུ་ལྟ་ཞིབ་བྱེད་དུ་ཕྱིན་སྐབས། རྒྱ་ནག་གི་དམག་མིས་ས་ཁུལ་དེ་ཁོ་ཚོའི་ཡིན་སྐོར་བརྗོད་དེ། རྒྱ་གར་དམག་མིའི་འགྲོ་ལམ་བཀག་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ཁ་རྩོད་དང་འཇུ་རེས་སོགས་ཀྱི་རྩོད་རྙོག་བྱུང་ཡོད་པ་མ་ཟད། ཕྱོགས་གཉིས་ནས་ས་ཁུལ་དེར་དམག་མི་ཇེ་མང་དུ་གཏོང་རེས་སོགས་བྱས་ཡོད་ཀྱང་། ཁ་སང་ཕྱི་དྲོ་ཙམ་ལ་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་མཚོན་པའི་མི་སྣ་ཐུག་འཕྲད་ཀྱིས། ཕྱོགས་གཉིས་ནས་དམག་མི་ཕྱིར་འཐེན་དང་ས་ཁུལ་འཁྲུག་རྩོད་གནས་སྐབས་མཚམས་འཇོག་བྱེད་རྒྱུར་མོས་མཐུན་བྱུང་འདུག

རྒྱ་གར་དམག་ཕྱོགས་ནས་བརྗོད་པ་ལྟར་ན། ཁ་སང་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་མཚོན་པའི་མི་སྣ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་དམག་མིའི་བར་གྱི་གདོང་ཐུག་མཚམས་འཇོག་བྱས་ཡོད། གདོང་ཐུག་དེའི་བྱུང་རྐྱེན་ནི་གཙོ་བོ་ས་ཁུལ་བདག་དབང་གི་ངོས་འཛིན་བྱེད་སྟངས་ལ་ཁྱད་པར་ཡོད་སྟབས་བྱུང་བ་རེད་ལ། ཕྱོགས་གཉིས་བར་དཀའ་རྙོག་འདིའི་རིགས་སེལ་བར་སྒྲོམ་གཞི་ལྡན་པའི་ཐབས་ལམ་ཡོད་པ་རེད། ཅེས་བརྗོད་འདུག

ཁ་སང་རྒྱ་གར་གཞུང་གིས་ཟླ་རྗེས་མའི་ནང་ཨ་རུ་ན་ཅལ་མངའ་སྡེའི་ནང་དམག་སྦྱོང་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ཟླ་རྗེས་མའི་ཕྱི་ཚེས་ ༡༠ ནས་ ༡༢ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཡོང་སྟེ། སྲིད་བློན་མུ་དྷི་མཆོག་དང་ལྷན་དུ་མཐའ་མཚམས་ཀྱི་ས་ཁུལ་བདག་དབང་དང་ཚོང་འབྲེལ་སོགས་ཀྱི་སྐོར་ལ་གླེང་སློང་གནང་འཆར་ཡོད་སྟབས། ཆབ་སྲིད་དཔྱད་བརྗོད་པས་རྒྱ་གར་གྱི་དམག་སྦྱོང་དེ་ནི་ཞི་ཅིན་ཕིན་གྱི་ཐུག་འཕྲད་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༩/༡༢

Leave a Reply

One thought on “རྒྱ་དཀར་ནག་གི་དམག་མིས་བསྐྱར་དུ་གདོང་ཐུག་བརྒྱབས།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྔ་མོ་བོད་ཀྱི་གཏམ་དཔེ་ལ།
    གཉེན་ཉེ་ན་མི་དགའ་འགྱངས་ན་དགའ།
    དགྲ་འགྱངས་ན་མི་དགའ་ཉེ་ན་དགའ།
    དགྲ་ཚོད་དགྲ་གི་མི་ཤེས།
    གཉེན་ཚོད་གཉེན་གྱིས་ཤེས།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན།
    བདེན་གཏམ་ངོ་མ་བཤད་ཡོད་དོ།
    ཉན་དང་མི་ཉན་སོ་སོའི་རང་དབང་རེད།