རྒྱ་ནག་གཞུང་གིས་འཇར་མན་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་འདུག

ཧོང་ཀོང་གི་རང་དབང་འཐབ་རྩོད་པ་ཇོ་ཧྲ་བོང་ལགས་འཇར་མན་ནང་བསླེབས་ཏེ་ཕྱིའི་རྒྱལ་ཁབ་ཁག་ནས་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་གནོན་ཤུགས་སྤྲོད་ཀྱི་ཡོད་འདུགརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་འཇར་མན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཝུ་ཁིན་ ( Wu Ken) ཟེར་བ་དེས། ཟླ་འདིའི་ཕྱི་ཚེས་ ༩ ཉིན་འཇར་མན་གྱི་རྒྱལ་ས་བྷིར་ལིན་དུ། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱ་སི་ (Heiko Maas)ལགས་ཀྱིས་ཧོང་ཀོང་གི་ཉི་གདུགས་གསར་བརྗེའི་སྣེ་འཁྲིད་པ་ཇོ་ཧྲ་བོང་(Joshua Wong)ལགས་ལ་ཐུག་འཕྲད་གནང་ཡོད་པ་དེས། རྒྱ་ནག་དང་འཇར་མན་བར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་སྲིད་པ་དང་། ཆབ་སྲིད་པ་རྣམས་ཀྱིས་ཧོང་ཀོང་གི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་འཇར་མན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ཝུ་ཁིན་གྱིས། སྟབས་མ་ལེགས་པར་ད་རེས་ག་རེ་བྱུང་བ་དེས་རྒྱ་ནག་དང་འཇར་མར་བར་གྱི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་པ་མ་ཟད། རྒྱ་ནག་གི་ཕྱོགས་ནས་དེར་བརྡ་ལན་ཞིག་སྤྲོད་དགོས་ཀྱི་ཡོད། ཅེས་དང་། ངས་གསང་པོར་བཤད་ན། ཅོ་ཧྲ་བོང་བྷིར་ལིན་དུ་འབྱོར་བ་ནས་བཟུང་ཕྱི་སྲིད་བློན་ཆེན་མཱ་སི་དང་གྲོས་ཚོགས་འཐུས་མི་འགའ་ཤས་ཤིག་གིས་ཁོ་ལ་ཐུག་འཕྲད་བྱས་ཡོད་པ་དོ་སྣང་བྱུང་། ང་ཚོས་ཆབ་སྲིད་པ་དེ་ཚོའི་དམིགས་ཡུལ་གང་ཡིན་ཤེས་ཀྱི་མི་འདུག ཁོ་ཚོས་ཧོང་ཀོང་གི་རང་དབང་དང་དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་ལ་བློ་འཚབ་བྱེད་ཀྱི་ཡོད་དམ། ཡང་ན་མེ་ཐོག་སྣུམ་ལྡུག་གིས་ཆབ་སྲིད་ཀྱི་ཁེ་ཕན་རག་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་སྐྱོན་བརྗོད་བྱས་འདུག་པ་མ་ཟད།  རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་པེ་ཅིན་དུ་ཡོད་པའི་འཇར་མན་གྱི་གཞུང་ཚབ་པ་འབོད་འགུག་གིས་ད་ལན་གྱི་ཐུག་འཕྲད་ཐོག་ལ་སྐྱོན་བརྗོད་བྱས་ཡོད་སྐོར་ཡང་བརྗོད་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན། འཇར་མན་གྱི་བྷལ་ཌི་བརྒྱ་ (Bild100) ཞེས་པའི་གསར་ཁང་གིས་གོ་སྒྲིག་བྱས་པའི་འཛམ་གླིང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པའི་སྐོར་གྱི་ཚོགས་འདུ་ཞིག་ལ་མགྲོན་འབོད་བྱས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ཅོ་ཧྲ་བོང་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་ནས་བྷིར་ལིན་དུ་ཐོན་གྲབས་བྱེད་སྐབས། གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཆུ་ཚོད་ ༢༤ རིང་བཀག་ཉར་བྱས་ཡོད་ཀྱང་། ཕྱིས་སུ་ཉེན་རྟོག་ཕྱོགས་ནས་ནོར་འཛོལ་བྱུང་བ་ར་འཕྲོད་བྱུང་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་བྷིན་ལིན་གྱི་ཚོགས་འདུའི་ཐོག་འཇར་མན་གྱི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་བྱུང་ཡོད་པ་མ་ཟད། ཚོགས་འདུའི་ཐོག་ཇོ་ཧྲ་བོང་གིས། ད་ལྟའི་ཆར་ང་ཚོ་ཧོང་ཀོང་བ་རྣམས་རང་དབང་ཅན་གྱི་འཛམ་གླིང་དང་རྒྱ་ནག་གི་སྒེར་གཅོད་རིང་ལུགས་པའི་དབར་ན་གནས་ཡོད། གལ་ཏེ་ང་ཚོ་དྲང་དམག་ (Cold War) གསར་པ་ཞིག་ནང་ཡོད་ཚེ། ཧོང་ཀོང་ནི་བྷིར་ལིན་གསར་པ་དེ་ཡིན། ཧོང་ཀོང་མཉམ་དུ་ལངས་རྒྱུ་ཞེས་པ་དེ་འབོད་སྒྲ་ཙམ་ཞིག་ལས་བརྒལ་ཡོད། ང་ཚོས་རང་དབང་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོ་དང་མཉམ་དུ་ལངས་ཏེ། རྒྱ་ནག་གི་སྲིད་དབང་གཅིག་སྡུད་རིང་ལུགས་ལ་རྒོལ་རྡུང་གཏོང་དགོས་པར་སྐུལ་འདེད་གཏོང་གི་ཡོད། ང་ཚོས་རང་ཉིད་ཁོ་ནའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་མེད། འདི་ནི་ང་ཚོ་ཚང་མའི་འཐབ་རྩོད་ཅིག་རེད། འདི་ནས་ངས་ཁྱེད་ཚོ་ཚང་མས་ཧོང་ཀོང་དང་ཧོང་ཀོང་བ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་སོགས་བརྗོད་དེ། རྒྱལ་སྤྱིའི་གསར་འགོད་པ་མང་པོའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཅོ་ཧྲ་བོང་དང་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱ་སི་གཉིས་ཐུག་འཕྲད་བྱུང་བའི་་གནས་ཚུལ་ཐོན་མ་ཐག རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཧྭ་ཁྲིན་ཡིན་ (Hua Chunying) གྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། འཇར་མན་གྱི་གསར་ཁང་དང་ཆབ་སྲིད་པ་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་ཁ་བྲལ་བའི་བྱ་སྤྱོད་བརྒྱུད་ནས་ཁེ་ཕན་རག་ཐབས་བྱེད་བཞིན་པ་དེ་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། དེ་ནི་རྒྱ་ནག་གི་ས་ཁོངས་བདག་དབང་ལ་རྩིས་མེད་དང་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན། ངས་བསྐྱར་དུ་ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད། ཕྱིའི་རྒྱལ་ཁབ་དང་ཚོགས་པ། མི་སྒེར་སུ་ཞིག་གིས་དེར་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད། ཅེས་དང་། རྒྱ་ནག་གཞུང་གིས་ད་ལན་གྱི་ཐུག་འཕྲད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུགཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གྲངས་ ༣ རིང་འཇར་མན་གྱི་སྲིད་བློན་ལྕམ་ཨེན་ཇི་ལ་མཱར་ཁིལ་ (Angela Merkel)ལགས་རྒྱ་ནག་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། སྲིད་བློན་ལི་ཁེ་ཆཱང་སོགས་ལ་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཅོ་ཧྲ་བོང་གཙོས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོས་ལྕམ་ཨེན་ཇི་ལ་མཱར་ཁིལ་ལགས་ལ་ཡོངས་ཁྱབ་ཞུ་ཡིག་ཅིག་ཕུལ་ཏེ། ཁོང་མོ་རྒྱ་ནག་ལ་བཞུགས་རིང་རྒྱ་ནག་གི་མགོ་འཁྲིད་རྣམས་ལ་ཧོང་ཀོང་གི་གནད་དོན་ཐད་བློ་འཚབ་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱི་རེ་འདུན་རྣམས་གསལ་འདོན་གནང་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། ཕྱིས་སུ་འཇར་མན་གཞུང་གི་མགྲིན་ཚབ་པ་སི་ཊི་ཧྥན་སེ་བྷར་ཊི་(Steffen Seibert) གྱིས་སྒེར་གྱི་ཊི་ཝེ་ཊར་དྲ་ལམ་སྟེང་དུ། སྲིད་བློན་མེར་ཁིལ་ལགས་ཀྱིས་ཧོང་ཀོང་གི་མང་ཚོགས་རྣམས་ཀྱི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བྱེད་དགོས་པ་དང་། གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས་པ་མ་ཟད། ཐབས་ཤེས་ཡོད་རྒུར་བསྟེན་ཏེ་འཚེ་བ་འགོག་དགོས། ཞེས་གསུངས་ཡོད་སྐོར་བཀོད་ཡོད་པ་རེད།

ད་ལན་ཇོ་ཧྲ་བོང་གིས་འཇར་མན་གྱི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མང་པོར་ཐུག་འཕྲད་བྱས་ཡོད་པ་མ་ཟད། གཙུག་ལག་སློབ་གྲྭ་དང་། གསར་འགོད་ལྷན་ཚོགས་སོགས་ཀྱི་སྟེང་ལ་ཧོང་ཀོང་གི་གནས་སྟངས་སྐོར་ནས་གཏམ་བཤད་སོགས་སྤེལ་ཡོད་པ་དང་། འཇར་མན་གྱི་གསར་ཁང་ཁག་ཅིག་ནས་བཅར་འདྲི་བྱས་ཡོད་པ་དང་། ཡུལ་དེའི་ལས་རིམ་རྣམས་གྲུབ་རྗེས་མི་རིང་བར་ཨ་རིར་བསྐྱོད་རྒྱུ་ཡིན་པར་བརྟེན། རྒྱ་ནག་གིས་ཚོང་གི་སྟོབས་ཤུགས་སྤྱད་དེ་འཇར་མན་ལ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་ཡིན་ན་ཡང་ཧོང་ཀོང་གི་ཞི་རྒོལ་དེ་ནི་ཟིང་འཁྲུག་ཅིག་ཡིན་པ་མ་ཟད། དེར་ཨ་རི་དང་དབྱིན་ཇིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་སྐོར་དང་། ཐའེ་ཝན་དང་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་དང་ཚོགས་པ། མི་སྒེར་སུས་ཀྱང་ཧོང་ཀོང་གི་གནད་དོན་ལ་ཐེ་བྱུས་བྱེད་མི་ཉན་པ་དང་། རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་དེར་ཐེ་བྱུས་བྱས་ཚེ། འགན་འཁུར་ལེན་དགོས་པའི་འཇིགས་སྐུལ་དྲག་པོ་བྱས་དང་བྱེད་མུས་ཡིན་པ་རེད། འཇར་མན་ནི་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་ལ་མཚོན་ན་ཡང་དབྱིན་ཡུལ་རྗེས་ཀྱི་མ་རྩ་འཛུགས་མཁན་ཡུ་རོབ་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། འཇར་མན་ནང་ཚོང་ཟོག་ནང་འདྲེན་ཆེ་ཤོས་དེ་རྒྱ་ནག་ཆགས་ཀྱི་ཡོད་འདུག ལྷག་པར་དུ་ཨ་རྒྱའི་ཚོང་དམག་གི་གནས་བབ་ལ་མ་ལྟོས་པར་ད་ལོའི་ལོ་ཕྱེད་གཅིག་པུར་མཚོན་ནའང་། འཇར་མན་དང་རྒྱ་ནག་བར་ཁྱོན་ཨ་སྒོར་ཐེར་འབུམ་ ༡༠༩།༨༧ གྱི་ཚོང་དོན་བསྒྲུབས་ཡོད་འདུག ཡིན་ན་ཡང་། འཇར་མན་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་ནས་བྲོས་བྱོལ་དུ་ཡོང་བའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཉིས་སྐྱབས་བཅོལ་དུ་བླངས་ཡོད་པ་མ་ཟད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་་ལུའུ་ཞོ་པའོ་ཡི་སྐུ་ཟླ་ལུའུ་ཞཱ་ (liu Xia)ལགས་སྨན་བཅོས་ཆེད་འཇར་མན་དུ་ཁྲིད་ཡོད་པ་དང་། རྒྱ་ནག་གི་རང་དབང་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ཡང་ད་ལྟའི་ཆར་འཇར་མན་ནང་གནས་སྡོད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༣

Leave a Reply

3 thoughts on “རྒྱ་ནག་གཞུང་གིས་འཇར་མན་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་འདུག

  1. འབྲོང་བུ་སོག་ཚ།

    བོད་པ་ལའང་ཕྲུ་གུ་འདི་ནང་བཞིན་ཁ་ཤས་ཡོད་ན་བོད་རང་བཙན་ལེན་དང་མི་ལེན་མི་འདུག ཧོང་ཀོང་རྒྱལ་གྱུར་ཅིག

  2. གཞུང་པ་ཚེ་དབང་བསོད་ནམས་

    དབྱིན་ཇི་དང་ཧོང་ཀོང་རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱིས་མཆོད་ཡིག་
    ལ་འགན་འཁུར་ནས་ཐོག་མའི་དམིགས་ཡུལ་བཞིན་ཕྱོགས་ཚང་མས་སྲུང་
    དགོས་པ་ལས་ཕྱིའི་རྒྱལ་ཁབ་དང་མི་མང་ནས་ཇུས་མེད་འགན་ཁུར་བླངས་ནས་
    ཧོང་ཀོང་མི་མང་གིས་འཚོ་བའི་མདུན་་ལམ་ལ་གནོད་འཚེ་གཏོང་རྒྱུའི་
    ལས་འགུལ་དང་ཕན་མེད་ཀྱིས་རྒྱབ་སྐྱོར་དེ་ཚོ་ཁྱི་ཕྱེད་ཀྱིས་ཤ་མཐོང་ཁྱི་ཕྱེད་ཀྱིས་ཤ་མ་མཐོང་
    ཟེར་བ་ལྟར་གང་བྱུང་མ་གནང་ན་ཡག་ལེ་རེད་ལ་ཕན་ལས་གནོད་ཆེ་བར་འགྲོ་
    ཉེན་ཡོད་པ་དེ་ཚོ་ངེས་པར་དུ་ཤེས་དགོས་པ་བཅས།

  3. https://thehimalayantimes.com/kathmandu/five-chinese-nationals-arrested-on-atm-theft-charge/

    འདི་གསར་འགྱུར་དེ་དུས་བབ་ནང་ལ་གཏོང་ན་ཚང་མས་རྒྱུས་ཀོན་ཐུབ། དེང་སང་ནེ་པལ་ནང་དུ་རྒྱ་མི་ཚོས་་་པ་སི་བརྫུན་མ
    བཟོ་ནས་བོད་པ་ཚོ་ལ་བཙོང་བཞིན་འདུག་གཟབ་གཟབ་མ་བྱས་ན་ཉིན་ཅིགབོད་པ་རྒྱ་གར་དུ་འདུག་ཡག་ལ་དཀའ་ངལ་ཕྲད་མི་སྲིད་པ་་མ་རེང། རྒྱ་མི་ལ་ལ་ནི་ཧང་སང་ཡག་ཁྲིམས་འགལ་བཟོ་བཞིན་ཡོད་པས་ཚང་མས་ཡིད་ལ་འཇོག