ད་ལོར་སྨན་བཅོས་ལྟ་སྐྱོང་ནང་ཚོགས་མི་ ༣༠༠༠ ལྷག་འཕར་ཏེ་ཁྱོན་ ༢༧༤༩༦ ཡོད་འདུག

སྨན་བཅོས་ལྟ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་དབུ་འབྱེད་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་འཛམ་གླིང་གིས་མིག་དཔེ་ལྟ་འོས་པའི་བོད་ཀྱི་སེམས་ཁམས་རིག་པའི་ལྟེ་གནས་ཤིག་འཛུགས་དགོས་ཀྱི་ཡོད་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག དབུས་སྣེ་ལེན་ཁང་གི་ལས་བྱེད་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་ལས་གཞི་གོ་རྟོགས་སྤེལ་ཐབས་དང་ཚོགས་མི་ཐོ་འགོད་བྱེད་ཕྱོགས་ཀྱི་ཉིན་ ༣ གྱི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་དང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ཆེད་མཁས་རྒྱ་གར་བ་ཝེ་ཀ་སི་ཌཱ་གྷོར་ (Vikas Dagur) དང་ཨ་ལོག་གྷོབ་ཊ་ (Alok Gupta)། དེ་བཞིན་འབྲེལ་ཡོད་ལས་བྱེད་དང་ས་གནས་ཁག་ ༣༣ ནས་འཐུས་མི་ ༤༤ ཙམ་བཅར་འདུག་ལ། ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ལོའི་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་འཕར་གྲངས་མང་ཤོས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་ཀོ་ལི་གྷལ་དོན་ལྡན་གླིང་། ལྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་དང་དྷ་རམ་ས་ལ། ལ་དྭགས་བོད་མིའི་གཞིས་ཆགས་དང་བསྟན་འཛིན་སྒང་གཞིས་ཆགས། མེའོ་གཞིས་ཆགས་དང་སྤོན་ཊ་གཞིས་ཆགས། དྷ་ལ་ཧོ་སི་གཞིས་ཆགས་བཅས་ལ་གཟེངས་རྟགས་གནང་སོང་། དེ་བཞིན་འདི་ལོར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ནང་སྨན་བཅོས་ལྟ་སྐྱོང་ཁོངས་ཚོགས་མི་གྲངས་ ༦༠༠ ཙམ་འཕར་ཡོད་པར་བརྟེན་དམིགས་བསལ་གསོལ་རས་ཤིག་ཀྱང་གནང་སོང་།

མཛད་སྒོའི་ཐོག་མར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ཚན་པའི་འགན་འཛིན་ཉི་མ་རྒྱལ་མཚན་ལགས་ཀྱིས། ཕྱི་ལོ་ ༢༠༡༢ ནས་ད་བར་ཚོགས་མི་ཁྱོན་གྲངས་ ༡༠༣༩༠ ཙམ་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤ ནས་ཕྱི་ཟླ་ ༩ བར་དུ་ ༡༠༨༦ ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་སྟེ་འགྲོ་གྲོན་ཧིན་སྒོར་འབུམ་ ༩༦ ལྷག་ཕྱིན་ཡོད་སྐོར་དང་། འདས་པའི་ལོ་ ༣ རིང་ལོ་རེར་ཚོགས་མི་བརྒྱ་ལྷག་ཙམ་རེ་འཕར་གྱི་ཡོད་པ་དང་ལྷག་པར་དུ་ད་ལོར་ ༣༠༠༠ ལྷག་འཕར་ཏེ་ཚོགས་མི་ཁྱོན་ ༢༧༤༩༦ ཡོད་པ་དང་། དེ་བཞིན་མ་འོངས་པར་ཉམ་ཐག་གི་རིགས་སྨན་བཅོས་ལྟ་སྐྱོང་ཁོངས་སུ་བཞག་ཚེ་མི་གྲངས་སྟོང་ ༢༩ ཙམ་ཟིན་གྱི་ཡོད་པ་དང་། དེང་སྐབས་སྨན་བཅོས་ལྟ་སྐྱོང་གི་བྱུང་སོང་ཕྲན་བུ་ཁ་མཐུན་གྱི་ཡོད་པས། ལས་གཞི་འདི་ཕུགས་རྒྱང་རིང་པོར་རྒྱུན་གནས་ཐུབ་པའི་རེ་བ་མཐོང་གི་ཡོད་ལ། ད་ལྟ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཡག་པོ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་ནི་ས་གནས་ཀྱི་ཕྱག་ལས་གནང་མཁན་གྱི་སེམས་ཤུགས་ཧུར་བསྐྱེད་གནང་པ་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདིའི་དངུལ་ཉིན་རེར་ཡར་འཕར་གྱི་ཡོད་པ་དང་། ཐེངས་འདིའི་ཉིན་གསུམ་གྱི་རིང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གོང་སྤེལ་དང་མཉམ་ཞུགས་མང་དུ་གཏོང་ཐབས། ས་གནས་ཁ་ཤས་སུ་མཉམ་ཞུགས་ཉུང་བའི་རྒྱུ་མཚན་དང་སྨན་བཅོས་ལྟ་སྐྱོང་འོག མང་ཚོགས་ལ་གོ་བརྡ་འཕྲོད་ཡོད་མེད་སོགས་ཀྱི་བརྗོད་གཞིའི་ཐོག་ཕན་ཚུན་གོ་བསྡུར་དང་། གནས་ཚུལ་གསལ་ཁ་མ་ཆགས་པ་ཚོ་རྒྱ་གར་ཆེད་ལས་པ་གཉིས་ལ་དྲི་བ་དྲིས་ཏེ་གསལ་པོ་བཟོས་ནས་མང་ཚོགས་ལ་གོ་རྟོགས་གསལ་པོ་སྤྲོད་དགོས་པའི་ཐད་བསམ་གཞིགས་བྱེད་དགོས་པ་དང་། ཚོགས་མི་ནད་མནར་བྱུང་མཁན་ལ་དངུལ་འབབ་གང་མགྱོགས་འབྱོར་ཐབས་དང་། མང་ཚོགས་ནས་དངུལ་ཡར་བསྡུས་པ་དང་མར་བཀྲམས་པ་གཉིས་ལ་ཁྱད་པར་ཧིན་སྒོར་སྟོང་ཕྲག་ ༦༧ ཙམ་ཡོད་པ་དང་། མང་ཚོགས་ནས་ཡར་བསྡུས་པ་དེའི་ནང་ཨ་རིའི་རོགས་དངུལ་ཧིན་སྒོར་འབུམ་ ༦༦ འཛུལ་ནས་ཡོད་པ་དང་། ལས་བྱེད་གྲངས་ ༡༥ ཡོད་པ་ཚོར་ལོ་རེར་ཟླ་ཕོག་སྟོང་ ༣༦ རེ་འཁོར་གྱི་ཡོད་པས། ཚང་མ་བསྡོམས་དུས་འབུམ་བརྒྱ་སྐོར་ཞིག་ད་དུང་ཨ་རིའི་རོགས་དངུལ་ཐོག་ནས་ཁ་གསབ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པས། ཚོགས་མི་གྲངས་སྟོང་ཕྲག་ ༢༨ མ་ཟིན་ཙམ་ཡོད་པ་དེ་སྟོང་ཕྲག་ ༣༥ ཙམ་ལ་འཕར་བར་ཤུགས་སྣོན་རྒྱག་ཐུབ་ཚེ། གང་འཚམ་གྱིས་ཁྱད་པར་འགྲོ་ཐུབ་ཀྱི་ཡོད་པས་ལས་གཞི་ལག་བསྟར་གནང་མཁན་ཚོས་ཤུགས་སྣོན་རྒྱག་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཉེ་བའི་ཆ་ནས་གཞིས་ཆགས་ཁག་ནང་སེམས་ཁམས་མི་བདེ་བའི་ནད་དེ་འདྲ་ཡོད་མཁན་ཐུག་གི་འདུག རང་གི་བུ་དང་བུ་མོ་ལ་སེམས་ཁམས་ཀྱི་ན་ཚ་བྱུང་ཚར་རྗེས་སེམས་ཁྲལ་ཞེ་དྲག་ཡོང་གི་ཡོད་པ་རེད། ནད་པར་ནད་གཡོག་རྒྱུག་དགོས་དུས་རང་ཉིད་ལ་ལུས་སེམས་གཉིས་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་པ་རེད། ཆུ་ཚོད་ ༢༤ རིང་ནད་པར་ལྟ་དགོས་པ་རེད། དེར་བརྟེན་སེམས་ཁམས་རིག་པའི་ཐད་ལ་ང་ཚོས་ག་རེ་བྱ་རྒྱུ་ཡོད་དམ། ང་ཚོས་དེ་ལ་བཅོས་ཐབས་བྱེད་དགོས་པ་རེད། ཕྱོགས་གཅིག་ནས་༧གོང་ས་མཆོག་གིས་སཱི་ཤེས་ཡོན་སློབ་གསོ་(SEE learning) ཞེས་སེམས་ཁམས་རིག་པའི་ཐད་ནང་པའི་ཆོས་ལས་ལྷག་པ་ཞིག་མེད་སྐོར་གསུང་གི་ཡོད། ང་ཚོས་ནང་ཆོས་ཀྱིས་སེམས་ཁམས་ཀྱི་ནད་གཞི་ཁག་འདུལ་ཐུབ་ཀྱི་ཡོད་སྐོར་འཛམ་གླིང་ལ་ཡོངས་བསྒྲགས་བྱས་ནས་བཤད་སྡོད་ཀྱི་ཡོད། ཕྱི་རྒྱལ་གྱི་མིས་ནང་ཆོས་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་སོང་ཟེར་མཁན་ག་ཚོད་བྱུང་སོང་ངམ། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་ནད་དེ་འདྲ་བྱུང་དུས། ང་ཚོས་དུས་རྒྱུན་ང་ཚོའི་དེ་ཧ་ལས་པའི་ཡག་པོ་ཡོད། འཛམ་གླིང་གིས་མིག་དཔེ་ལྟ་དགོས་ཀྱི་རེད། འཛམ་གླིང་གིས་ལག་བསྟར་བྱེད་དགོས་ཀྱི་ཡོད་རེད། ཕན་ཐོགས་ཀྱི་འདུག་ཅེས་ཟེར་གྱི་ཡོད་རེད་དེ། ང་ཚོའི་སྤྱི་ཚོགས་ནང་སེམས་ཁམས་དང་འབྲེལ་བའི་ནད་པ་རེ་ཐོན་ཡོང་དུས། ཕྱི་རྒྱལ་བས་ཁྱེད་ཚོས་ནང་ཆོས་དང་བོད་པའི་ཡ་རབས་བཟང་སྤྱོད་སོགས་ཡག་པོ་ཡོད་རབས་བཤད་ཀྱི་འདུག་ཀྱང་། ཁྱེད་ཚོའི་ནང་སེམས་ཁམས་ནད་པ་དེ་འདྲ་ཐོན་དགོས་དོན་ག་རེ་ཡིན་མིན་དྲི་ཡི་ཡོད་པ་རེད། དེར་བརྟེན་ང་ཚོས་དེར་བཅོས་ཐབས་བྱེད་དགོས་ཀྱི་འདུག དེ་དང་འབྲེལ་ནས་ང་ལ་འཆར་གཞི་ཞིག་ཡོད། ངས་འཕྲོད་བསྟེན་ལྷན་ཁང་ལ་ཐེངས་གཉིས་གསུམ་ཞུས་པ་ཡིན། ད་ང་ཚོས་སེམས་ཁམས་རིག་པའི་ལྟེ་གནས་ཤིག་འཛུགས་དགོས་ཀྱི་འདུག ས་ཆ་ཡང་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ཅིག་ཏུ་ས་ཁྱོན་ཨེ་ཀར་གསུམ་བཞི་ལྔ་ཡོད་པ་ཞིག་ལ་ལྡུམ་ར་དང་། སྨན་ཁང་ཡང་གཞན་དང་མི་འདྲ་བ་ཞིག་འཛུགས་དགོས་ཀྱི་འདུག སྨན་ཁང་དེ་ཡང་འཛམ་གླིང་གིས་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་དགོས་པ་དང་། དེའི་ནང་སུ་ཞིག་ཡོང་བ་ཡིན་ན་ཡང་ནད་པའི་ནད་གཡོག་ནང་མི་ཞིག་འཁྲིད་དགོས་པ་དང་། ནད་པ་དེ་སྨན་ཁང་ནང་ལོ་མང་པོ་བསྡད་རྒྱུ་མེད་པར་ཟླ་རེ་གཉིས་ནས་ལོ་གཅིག་བར་བསྡད་དེ་མཐར་རང་གི་ནང་དུ་ལོག་དགོས་པ་དང་། དེ་བཞིན་སེམས་ཁམས་རིག་པའི་ཆེད་ལས་སྨན་པ་ཞིག་དང་བོད་པའི་སྲོལ་རྒྱུན་སྨན་པ་ཞིག་བསྐོ་གཞག་བྱེད་དགོས་པ། དགེ་བཤེས་ཤིག་ཆེད་བསྐོས་ཀྱིས་ནད་པར་གསུང་ཆོས་གནང་རྒྱུ་ཡོད་པ་དང་། ཡོ་ག་ལྟ་བུ་ཡང་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་ལྟར་ལེགས་གྲུབ་བྱུང་ཚེ། མ་འོངས་པར་ཕྱིའི་རྒྱལ་ཁབ་ཁག་གིས་ང་ཚོའི་བཅོས་ཐབས་དེར་མིག་དཔེ་བལྟ་སྲིད་པ་མ་ཟད། ང་ཚོའི་སྨན་པ་རྣམས་སློབ་སྟོན་པའི་ངོ་བོར་གདན་འདྲེན་ཡང་ཞུ་སྲིད་པ་རེད། འདི་ངའི་འཆར་སྣང་དང་རེ་བ་ལྟ་བུ་ཡིན། འབྱུང་འགྱུར་ལོ་གཅིག་གཉིས་ནང་འགྲུབ་རྒྱུའི་རེ་བ་ཡོད། ཅེས་གསུངས་སོང་།ཡང་ཁོང་གིས། ད་ལྟ་ང་ཚོས་སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་སྐོར་བཤད་ཀྱི་ཡོད་པ་ལྟར། ང་ཚོས་སློབ་གྲྭ་རྣམས་ཟླ་སྒྲིལ་བཏང་སྟེ་ཚན་རིག་གི་སློབ་གྲྭ་དང་། ཚོང་རིག་གི་སློབ་གྲྭ་བཅས་ལོགས་སུ་འཛུགས་དགོས་ཀྱི་འདུག དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྐྱང་པའི་སློབ་གྲྭ་ཞིག་ཀྱང་བཙུགས་ཏེ། དེའི་ནང་ལོ་ཙཱ་བ་དེ་འདྲ་ཐོན་རྒྱུ་ཡོད་པ་དང་། གཞན་ཡང་མགོ་འཁྲིད་ཀྱི་སློབ་གྲྭ་གཅིག་བཙུགས་ཏེ། དེའི་ནང་ཆུང་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་། སྒྲིག་གཞི། དབུ་མའི་ལམ་སོགས་ཆ་ཚང་སློབ་འཁྲིད་དང་། དེའི་ཐོག་འཛིན་རིམ་དྲུག་པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཡིག་འབྲི་སྟངས་སོགས་བསླབས་ཐུབ་ན་མཆོག་ཏུ་གྱུར་བ་ཆགས་ཀྱི་རེད། དེ་བཞིན་རྩེད་རིགས་དང་། རིག་གནས་སོགས་ཀྱི་ཐོག་ལའང་སློབ་གྲྭ་ལོགས་སུ་འཛུགས་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།

ཡང་འཕྲོད་བསྟེན་དང་འབྲེལ་ནས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཟུར་དུ་ཚོགས་དགོས་སྐོར་ལ་སྲིད་སྐྱོང་མཆོག་གིས། འདས་ལོར་ལྔ་དང་ལྔ་བཅུའི་ཚོགས་འདུ་ཞིག་ཚོགས་པ་རེད། ཉིན་གསུམ་རིང་ལ་འཕྲོད་བསྟེན་དང་དཔལ་འབྱོར། རིག་གཞུང་། ཤེས་རིག་ཐོག་ལ་ཚོགས་པ་རེད། འཕྲོད་བསྟེན་ལས་ཁུངས་ངོས་ནས་རྗེས་མ་ལོར་འཕྲོད་བསྟེན་ཁོ་ནའི་ཆེད་དུ་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་ཡིན་ན་ཡག་པོ་ཡོད་པ་རེད། དེ་ལྟར་ཚོགས་ཐུབ་ན་ཕན་ཐོགས་ཏན་ཏན་ཡོད། ང་རང་ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་གི་འོས་མིར་ལངས་སྐབས། མི་མང་གིས་འཕྲོད་བསྟེན་ལྷན་ཁང་འོག་ལ་སྨན་ཁང་ག་ཚོད་ཡོད་མེད་དང་། ལས་གཞི་ག་རེ་ཡོད་མེད། སློབ་གྲྭ་ཅི་ཙམ་ཡོད་མེད་སོགས་དྲིས་བྱུང་། འོན་ཀྱང་དེ་དུས་ངས་ཤེས་ཀྱི་མེད་པ་རེད། དེར་བརྟེན་མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་ལངས་མཁན་ཚོས་སྨན་ཁང་ག་ཚོད་ཡོད་མེད་ཙམ་མ་ཟད། ནད་གཞི་ག་རེ་ཡོད་མེད་དང་དཀའ་ངལ་ཆེ་བའི་ནད་གཞི་ག་རེ་ཡོད་མེད་སོགས་གསུང་ཐུབ་པ་དགོས་ཀྱི་ཡོད་པ་རེད། ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པའི་རྗེས་ཆབ་སྲིད་ཀྱི་གནད་དོན་དང་དཀའ་ངལ་ཇི་ཡིན་སོགས་ཡིག་ངག་གཉིས་ཐོག་ནས་བཀྲམས་ཚར་བ་རེད། དེར་བརྟེན་ལྔ་དང་ལྔ་བཅུའི་ཚོགས་འདུ་བརྒྱུད་ནས་མི་མང་ནང་ལ་ཤེས་ཡོན་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ལ་གོ་རྟོགས་དང་བགྲོ་གླེང་གི་རིམ་པ་མཐོ་རུ་ཕྱིན་ཚར་བ་རེད། མི་མང་ནང་གོ་རྟོགས་ཇི་ཙམ་ཆེ་རུ་ཕྱིན་ན། དེ་ཙམ་གྱིས་གོང་གི་མགོ་འཁྲིད་ཚོའི་འགན་འཁུར་ཆེ་རུ་འགྲོ་ཡི་ཡོད་པ་དང་། མི་མང་ངོས་ནས་ཀྱང་མི་དེས་མགོ་འཁྲིད་བྱེད་ཐུབ་མིན་བརྟག་དཔྱད་བྱ་ཐུབ། རྣམ་པ་ཚོས་མ་འོངས་པར་ལྔ་དང་ལྔ་བཅུའི་འཕྲོད་བསྟེན་ཚོགས་འདུ་བསྐོང་གི་ཡིན་མིན་གྱི་ཐད་ལ་བསམ་ཚུལ་སྤུངས་རོགས་ཞུ་རྒྱུ་ཡིན།  ཞེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༧

Leave a Reply

3 thoughts on “ད་ལོར་སྨན་བཅོས་ལྟ་སྐྱོང་ནང་ཚོགས་མི་ ༣༠༠༠ ལྷག་འཕར་ཏེ་ཁྱོན་ ༢༧༤༩༦ ཡོད་འདུག

  1. བཀྲིས་བདེ་ལེགས་ཡོད་གསར་འགྱུར་འདི་དང་། གསར་འགྱུར་དུས་བབ་ཡོངས་ལ་ཞུས་ཡིན།
    བོད་ཆོལ་ཁ་གསུམ་མཐུན་སྒྲིལ་ཡོད་པ་དཧའ་བོ་བྱུང་། མ་ཨ་རི་གནས་བོད་མི་ཚོ་དང་། མ་ཟད་མི་ནི་སོ་ཌ་ལ་བཞུགས་པའི་བོད་མའི་ཡོངས་ལ་བཀྲིས་བདེ་ལེགས་ཡོད། མཐུན་སྒྲིལ་ཡོད་ན་བསམ་དོན་འགྲུབ རྒླ་བའི་སྐུ་ཚེ་ལ་ཡང་ཕན། ཐུགས་དགྱེས་པའི་མཆོད་པ་དེ་ཡིན་་ལ། བསོད་ནམས་བསག་ལས་ཀྱང་དེ་ཡིན། མི་ཁ་ཤས་ཁ་ལ་མ་རྒྱུགས་པ་སོ་སོ་རཉནམ་དཔྱོད་ལ་རང་དབང་ཕུན་ཚོགས་ལོངས་སྤྱོད་པར་ལེགས་སོ། མི་ལ་རང་བཙན་ཟེར་མཁན་དེས་ མངོན་སུམ་མི་སྨྱོན་པ་འདྲ་བོ་འདུག ད་ཁོས་མཁས་དབང་ཟམ་གདོང་རིན་པོ་ཆེ་ལའང་ཟུར་ཟ་ཞུ་ཡག་མེད་ཙང་མཐར་ཁོས་མཁས་དབང་མ་རེང་། ཡང་ཁོ་ཡང་ཁམས་པ་རེད་ཟེར་ཡག་། ཉེ་ཆར་ཁོས་་་ཀ་ན་ཌའི་འཆི་ནེད་ལྷ་མོ་ལའང་མོ་ཁམས་པ་རེད་གཟིངས་རཉཏཧས་མོ་ལ་རག་གིས་ཟེར་ཡག་ཆོ་མེད་སྨྱོན་པ་ལབ་ཡག་ཅང་འདུག་དེའི་སྐད་ཆ་ལ་་་ཁམས་པ་ཡིན་ཁོ་ལ་ཁྲོ་དགོས་ཡག་མི་འངུག དབུས་གཙང་ཡིན་ཁོས་ཁ་ལ་ཉན་དགོས་ཡག་མི་འདུག་་

  2. གཞུང་པ་ཚེ་དབང་བསོད་ནམས་

    སེམས་ཁམས་རིག་པའི་སྨན་ཁང་དེ་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་ནང་འཛུགས་ཐུབ་ན་ཡག་པོ་འདུག་
    གཞིས་ཆགས་འདི་ས་ཆ་གཙང་ཞིང་ཁ་རླུང་བཟང་བ་སོགས་ཡོད་པས་གཞིས་ཆགས་འདིར་འཛུགས་རྒྱུའི་ཆ་རྐྱེན
    ་འཛོམས་འདུག་ལ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་བཙན་བྱོལ་བོད་མི་ཚང་མས་མཉམ་ཞུགས་
    ཐུབ་པའི་ཆ་རྐྱེན་བཟོ་དགོས་པ་དང་ལྷག་པར་དུ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་མ་འཛུལ་བའི་ཉམས་ཐག་དཀའ་
    ངལ་ཡོད་པའི་མིང་ཁྱེར་ནས་ཞུ་གཏུགས་བྱ་མཁན་ཚོ་ངེས་པར་དུ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་འཛུལ་ཐུབ་
    པའི་ལམ་སྟོན་དང་གོ་བསྐོན་སློབ་གསོ་འབྲེལ་ཡོད་ས་གནས་སྨན་བཅོས་བལྟ་སྐྱོང་ཚོགས་ཆུང་ནས་འགན་བཞེས་དགོས་
    པ་དང་དེང་སྐབས་གནས་ཡུལ་ལུང་པའི་ནང་གཞུང་སྒེར་སྨན་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོ་ནས་
    སྨན་བཅོས་བལྟ་སྐྱོང་ལས་གཞི་སྤེལ་བཞིན་པ་ནས་ང་ཚོའི་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་གཞན་ལས་ཚགས་ཚུད་པ་བཟོ་རྒྱུ་དེ་
    འབྲེལ་ཡོད་ཚང་མས་ཐུགས་འགན་ཆགས་ཡོད་པར་ངོས་འཛིན་ཞུ་གི་ཡོད།