རག་སྡིས་ལ་མི་རིགས་མཐུན་སྒྲིལ་གྱི་གཟེངས་རྟགས་སྤྲོད་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་༤༢ ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གཟེངས་རྟགས་ཟེར་བ་སྤྲོད་ཀྱི་ཡོད་འདུགརྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གྲོས་ཚོགས་སྐབས་ ༡༣ པའི་སྟེང་གཏན་འབེབ་བྱུང་བའི་འབྲུ་དོན་ལྟར། ཁ་སང་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༠ ལོན་པ་དང་འབྲེལ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ཟེར་བ་སོགས་ཀྱི་གཟེངས་རྟགས་སྤྲོད་རྒྱུར་ཆོག་མཆན་སྤྲད་ཡོད་པ་དང་། གཟི་བརྗིད་གཟེངས་རྟགས་སྤྲོད་སའི་ནང་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་ནས་མི་གྲངས་ ༤༢ ཡོད་པའི་ཁྲོད། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་རག་སྡིས་ལ་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་གཟེངས་རྟགས་ཟེར་བ་ཞིག་སྤྲོད་གཏན་འཁེལ་ཡོད་འདུག

རྒྱ་ནག་དབུས་རླུང་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིར་གཟེངས་རྟགས་སྤྲོད་སའི་ཁོངས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་སྤྲོད་ས་མི་གྲངས་ ༨ དང་། ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་མཛའ་གྲོགས་བྱས་རྗེས་གཟེངས་རྟགས་སྤྲོད་ས་ཁུ་བྷ་དང་ཨུ་རུ་སུ། ཧྥ་རན་སི། ཁ་ན་ཌ། ཐའེ་ལན་ཌི་བཅས་ནས་མི་ ༦ དང་། མི་ ༥ ལ་མི་དམངས་ཀྱི་ཚན་རིག་མཁས་ཅན་དང་། མི་ ༣ ལ་མི་དམངས་ཀྱི་སློབ་གསོ་མཁས་ཅན། ཡང་མི་ ༣ ལ་མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན། གཞན་ཡང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དང་པོ་ཏུང་ཅན་ཧྭ་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་ལེགས་སྐྱེས་འབུལ་མཁན་གཟེངས་རྟགས། ལི་ཏའོ་ཡུས་ཟེར་བའི་རྒྱ་རིགས་ཤིག་ལ་ཕྱི་འབྲེལ་ལས་དོན་ལ་ལེགས་སྐྱེས་འབུལ་མཁན་གཟེངས་རྟགས། རྒྱ་རིགས་བུད་མེད་ཧྥན་ཅིན་ཧྲེ་ལ་རིག་དངོས་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་མཁན་ཟེར་བའི་གཟེངས་རྟགས་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་འདུགབོད་རིགས་དཔོན་པོ་རག་སྡིས་ནི་ཕྱི་ལོ་ ༡༩༣༨ ལོར་བོད་འབྲི་རུ་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༦༡ ལོ་ནས་དམར་ཤོག་ཚོགས་པའི་ནང་ཞུགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་སློབ་གྲྭར་སོང་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ནས་ ༡༩༦༢ བར་རྒྱ་ནག་དམར་ཤོག་ཆབ་སྲིད་དོ་དམ་སློབ་གྲྭར་སོང་ཡོད་པ་དང་། ཕྱི་ལོ་ ༡༩༦༢ ནས་བོད་ནག་ཆུ་ས་ཁུལ་སྤྱི་བདེ་ཉུལ་ཞིབ་པའི་ལས་གནས་གཉེར་ཏེ།  རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་ངང་ལས་ཀ་བསྒྲུབས་པ་སོགས་ཀྱི་མིང་ཐོག་ནས་གོ་གནས་ཤུགས་ཆེན་སྤར་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་སོགས་བྱས་ཡོད་འདུག་ལ།  དེ་སྔོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པར༧་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བསྐོས་མྱོང་ཡོད་འདུག

ཐེངས་འདིའི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཟེར་བ་ནི། རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པའི་ཕུལ་བྱུང་མི་སྣར་གཟེངས་བསྟོད་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། འཆམ་མཐུན་བཅས་ལྡན་པའི་དེང་རབས་ཅན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་སློང་ཆེད་དུ་སྤྲད་པ་ཞིག་ཡིན་ལ། དེ་ནི་རྒྱ་ནག་གི་གཟི་བརྗིད་གཟེངས་རྟགས་དང་མཚན་སྙན་ཆེ་ཤོས་དེ་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༡༨

Leave a Reply