གཞིས་ཀ་རྩེ་ནས་མངའ་རིས་བར་གློག་ལམ་མཐུད་ཀྱི་འདུག

རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ནས་མངའ་རིས་བར་གློག་སྡོང་འཛུགས་སྐྲུན་བྱས་ཏེ་གློག་ལམ་མཐུད་རྒྱུ་ཡིན་པ་མ་ཟད་ལྷོ་ཨེ་ཤ་ཡའི་ཁུལ་དུ་གློག་ཤུགས་མཐུན་སྦྱོར་བྱེད་པར་ལམ་ཁ་བཟོ་ཡི་ཡོད་སྐོར་བསྒྲགས།ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཞིས་ཀ་རྩེ་ནས་མངའ་རིས་བར་གྱི་སྤྱི་ལེ་ ༡༦༨༩ ལ་གློག་སྡོང་འཛུགས་སྐྲུན་གྱི་ལས་གཞི་ཞིག་མགོ་བརྩམས་ཡོད་པ་དང་། གློག་སྡོང་གསར་འཛུགས་ཀྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༡ ལོར་འགྲུབ་འཆར་ཡོད་འདུག

གཞུང་ཕྱོགས་ཀྱི་གསར་འགྱུར་ནང་། ལས་གཞི་དེ་ནི་འཛམ་གླིང་གི་ཆེས་མཐོའི་གློག་སྡོང་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཆགས ཡོད་པ་དང་། ལས་གཞི་དེས་གཞིས་ཀ་རྩེ་ནས་མངའ་རིས་བར་གྱི་མི་གྲངས་ ༣༨༠༠༠༠ ཙམ་ལ་ཕན་ཐོགས་ཀྱི་ཡོད་ལུགས་བརྗོད་འདུག་པ་མ་ཟད། དེ་ནི་བོད་དབུལ་ཕོངས་ལས་གྲོལ་བའི་ལས་གཞི་ཞིག་ཀྱང་ཡིན་ལུགས་བཤད་འདུག

རྒྱ་ནག་གི་གློག་སྡོང་འཛུགས་སྐྲུན་ཁང་གིས། གློག་སྡོང་འཛུགས་སྐྲུན་གྱི་ལས་གཞི་འདི་མེ་ཊར་བཞི་སྟོང་སྒང་གི་ས་མཐོའི་སྟེང་འཛུགས་དགོས་ཀྱི་ཡོད་སྟབས། གློག་ལམ་འདི་མཐུད་པར་དཀའ་ཁག་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་ནི། ས་ཆའི་གནས་བབ་དང་འགྲོ་ལམ་སོགས་ལ་ཉེན་ཁ་ཆེ་བ་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཡིད་གཟབ་བྱེད་དགོས་པ་བཅས་ཀྱི་རེད། ཅེས་བརྗོད་འདུགགནས་ཚུལ་ནང་གསལ་བ་ལྟར་ན། བོད་མངའ་རིས་ཁུལ་གྱི་གློག་ལམ་དེ་བོད་ཁུལ་སྤྱི་ལས་ལོགས་སུ་བཞག་ཡོད་པ་ཞིག་ཡིན་འདུག་ལ། གློག་སྡོང་འཛུགས་སྐྲུན་དེས་མངའ་རིས་ཀྱི་གློག་ལམ་སྤྱི་དང་མཐུན་སྦྱོར་བྱ་རྒྱུ་ཡིན་པ་མ་ཟད། བོད་ཀྱི་གློག་ཤུགས་ལྷོ་ཨེ་ཤ་ཡའི་ཁུལ་དུ་མཐུན་སྦྱོར་བྱེད་པར་ལམ་ཁ་བཟོས་པ་ཞིག་ཡིན་པར་བཤད།

ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་རྒྱ་ནག་གློག་སྡོང་འཛུགས་སྐྲུན་ཁང་གིས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བར་རིང་ཚད་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་འཛུགས་སྐྲུན་གྱི་ལས་གཞི་ཞིག་མགོ་བརྩམས་ཏེ་འདས་ལོར་གྲུབ་ཡོད་སྐོར་བསྒྲགས་ཡོད་པ་རེད། 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༩/༡༩

Leave a Reply

One thought on “གཞིས་ཀ་རྩེ་ནས་མངའ་རིས་བར་གློག་ལམ་མཐུད་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་མི་མང་ལ་ཕན་པའི་ལས་གཞི་འཛུགས་བསྐྲུན་ཇི་ཙམ་མང་བ་སྤེལ་བར་དགའ་བསུ་ཡོད་ལ་
    བོད་ཀྱིས་བྱང་འབྲོག་ཙ་བཟང་ས་དང་ཆུ་ཞིམ་སར་གནས་ངེས་མེད་དུ་འཚོ་བ་གཉེར་མཁན་ཚོར་
    ཕན་པའི་ཉི་གློག་སོགས་གང་མང་མ་གནས་ཕྱེད་ཆགས་ཐོག་འབྲོག་པ་ཚོར་གནང་དགོས་པ་ནི་
    རྒྱ་ནག་གི་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་དང་མཐུན་པ་ཞིག་ཡིན་པ་བཅས་བོད་ནང་
    ས་གནས་མི་མང་ལ་ཕན་པའི་སྔར་མེད་གསར་གཏོད་ཀྱི་འཛུགས་བསྐྲུན་ཁག་ལ་དགའ་བསུ་ཡོད་
    ལ་བོད་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་དགོས་དེ་གལ་ཆེར་མཐོང་གི་ཡོད།